རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་བསྡུས།
2022.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་དགུ་པའི་ཚེས་དྲུག་ཉིན། གསར་འགོད་པས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ནུབ་རྒྱུད་ཤེས་ལྡན་མི་སྣ་གསར་སྤེལ་ཐེབས་རྩ་ཚོགས་པ་དང་ཀྲུང་གོ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་མཐོ་རིམ་གླེང་སྟེགས་པེ་ཅིང་དུ་བསྡུས།

གླེང་སྟེགས་ཀྱི་བརྗོད་དོན་སྙན་ཞུ་སྐབས་སུ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་འགོ་ཁྲིད་དང་ཆེད་མཁས་པ་མཉམ་དུ་འཛོམས་ནས་བློ་འདོན་ཇུས་འབུལ་བྱས་ཏེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྲིད་ཇུས་འདུ་ཤེས་དང་། གཞུང་ལུགས་ཞིབ་འཇུག་དང་ལག་ལེན་འཚོལ་ཞིབ་ཐད་ནས་བརྗེ་རེས་ཟབ་མོ་བྱས། གླེང་སྟེགས་སྐབས་སུ། འཐུས་ཚབ་པ་ཚོས་མིག་སྔར་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་འཕྲད་པའི་གནད་དོན་དང་འགྲན་རྩོད་དང་། རང་སོ་སོའི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཕྱོགས་ནས་བླངས་པའི་ཕན་ལྡན་ཉམས་མྱོང་ཐད་ནས་བསམ་བློ་བརྗེ་རེས་དང་ལྟ་ཚུལ་བརྗེ་རེས་བྱས། ཚང་མས་མཐའ་གཅིག་ཏུ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དཔལ་ཡོན་ལ་སྲུང་སྐྱོབ་བྱེད་པའི་ལག་ལེན་གལ་ཆེན་ཁྲོད། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱེད་པ་དང་། མ་ལག་བསམ་བློ་རྒྱུན་འཁྱོངས་བྱེད་པ། དམངས་ཡོངས་དེའི་ཁྲོད་ཞུགས་པ་རྒྱུན་འཁྱོངས་བྱེད་པ། མཛེས་སྡུག་ལྡན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་དམིགས་འབེན་ལ་དམིགས་ནས། སྣ་མང་གཙོ་གཞི་ཕན་ཚུན་གྲོས་མོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱུས་ལོན་གཏིང་ཟབ་ཏུ་གཏོང་བ་དང་ཐོན་ཁུངས་མཐུན་སྦྱོར་བྱེད་པ། ཁེ་ཕན་དོ་སྙོམས་བྱེད་པ། ཁེ་ཕན་མཉམ་སྤྱོད་དང་འགན་འཁྲི་མཉམ་ཁུར། སྤྱོད་ཚུལ་མཉམ་ལས་བྱེད་པའི་ཁོར་ཡུག་བཅོས་སྐྱོང་གི་ཐུན་མོང་ཚོགས་པ་གྲུབ་པར་བྱས་ཏེ། ཁོར་ཡུག་གི་ཕན་ཡོད་བཅོས་སྐྱོང་མངོན་འགྱུར་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཐེངས་འདིའི་གླེང་སྟེགས་སྟེང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་སློབ་ཁྲིད་མ་ལག་འགྲེམ་སྤེལ་བྱས་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་སྔར་ལས་མ་ལག་ཅན་དང་ཆེད་ལས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་བ་དང་། ཀྲུང་གོའི་ནུབ་རྒྱུད་ཀྱི་ཤེས་ལྡན་མི་སྣའི་གསར་སྤེལ་ཐེབས་རྩ་ཚོགས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ལག་བསྟར་བྱས་ཏེ། ཤེས་ལྡན་མི་སྣའི་གསོ་སྦྱོང་དཀྱིལ་སྙིང་དུ་བཟུང་བ་དང་། མཁོ་འདོན་དང་དགོས་མཁོ་གཉིས་སྦྲེལ་མཐུད་བྱས་ལ། རིགས་མི་འདྲ་བའི་སྤྱི་ཚོགས་ཐོན་ཁུངས་གཅིག་ཏུ་བསྡུས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་རོགས་འདེགས་བྱེད་པའི་སྒོ་འབྱེད་སྟེགས་བུ་བཙུགས།

དེ་དང་མཉམ་དུ། ཐེངས་འདིའི་གླེང་སྟེགས་ཀྱིས་ད་དུང་ཀྲུང་གོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་ལྡན་མི་སྣའི་སྟོན་གྲངས་བརྗོད་གཞིའི་ཞིབ་འཇུག་རྣམ་གྲངས་ལག་བསྟར་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་ལྡན་མི་སྣའི་གདེང་འཇོག་སྟོན་གྲངས་མ་ལག་གཏན་ཁེལ་བྱས་ལ། ཤེས་ལྡན་མི་སྣའི་སྟོན་གྲངས་མ་དཔེ་གྲུབ་པར་བྱས་ཤིང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཁྱབ་ཁོངས་སོ་སོ་དང་ཞིང་ཆེན་དང་གྲོང་ཁྱེར། ཆུའུ་སོ་སོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ཤེས་ལྡན་མི་སྣའི་སྟོན་གྲངས་ལ་ཞིབ་འཇུག་བྱས་ནས་གཏན་ཁེལ་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་དཔལ་ཡོན་གྱི་གྲོས་འདོན་ཡི་གེ་འགྲེམ་སྤེལ་བྱས་ནས། སྤྱི་ཚོགས་ཡོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་བྱེད་པ་དང་། ཁོར་ཡུག་གཅེས་སྤྲས་དང་རང་བྱུང་ལ་སྲུང་སྐྱོབ་བྱས་ཏེ། མཉམ་དུ་མཛེས་སྡུག་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཐུན་མོང་ཚོགས་པ་འཛུགས་རྒྱུའི་གྲོས་གཞི་བཏོན།

རིན་ཆེན་མཚོས་བསྒྱུར།