མཚོ་སྔོན་ཞིང་ཆེན་གྱིས་བོད་འབྲེལ་ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་འཇོན་མིའི་དམིགས་བསལ་སྐྱེད་སྲིང་འཆར་འགོད་སྐོར་དང་པོ་ལག་བསྟར་བྱེད་འགོ་བརྩམས།
2022.09.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་པའི་ཚེས་བདུན་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་ལྔ་པ་ནས་བཟུང་། རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་འཇོན་མི་བཞི་བཅུ་དམིགས་བསལ་གསོ་སྦྱོང་འཆར་འགོད་སྦྱོང་བརྡར་སློབ་མ་སྐོར་དང་པོར་གྱུར།

ཤེས་གསལ་ལྟར་ན། བོད་འབྲེལ་ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་འཇོན་མིའི་དམིགས་བསལ་སྐྱེད་སྲིང་འཆར་གཞི་འགོད་དོན་ནི་མཚོ་སྔོན་གྱིས་བྱང་ཚད་མཐོ་བའི་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་འཇོན་མིའི་རྐང་འཛིན་དཔུང་སྡེ་སྐོར་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་ལ། རྒྱལ་ཁབ་ཀྱི་དམིགས་བསལ་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པ་དང་།  མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་དོན་དངོས་དགོས་མཁོ་གཞིར་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་ཁུལ་དང་ས་ཁུལ་དྲུག་ནས་ཆེད་དུ་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་གྱི་རྐང་འཛིན་འཇོན་མི་ནང་ལོག་ལ་མངགས་ནས་དམིགས་བསལ་གྱི་སྐྱེད་སྲིང་དང་སྦྱོང་བརྡར་བྱེད་དུ་འཇུག་པ་དང་། སྦྱངས་འབྲས་ལེགས་པོ་ཐོབ་རྗེས་ཕྱིར་མཚོ་སྔོན་དུ་ལོག་ངེས།

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་བོད་འབྲེལ་ཁུལ་དང་རྫོང་གི་གྲངས་ཉུང་མི་རིགས་ཆེད་ལས་ལག་རྩལ་འཇོན་མིའི་དམིགས་བསལ་སྐྱེད་སྲིང་འཆར་འགོད་ལྟར་གདམ་གསེས་བྱས་པའི་ཆེད་ལས་ལག་རྩལ་པ་བཞི་བཅུ་ནི་སོ་སོར་སྐྱེ་ཁམས་ཁོར་ཡུག་དང་འཕྲོད་བསྟེན་སྨན་བཅོས། ཞིང་ཕྱུགས་ལས། རང་བྱུང་ཐོན་ཁུངས་སོགས་ཁྱབ་ཁོངས་མང་པོ་ནས་ཡོང་བ་རེད། ཇུས་གཞི་ལྟར་ན། ཉིས་སྟོང་ཉེར་གཉིས་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་དུ་དུས་ཡུན་ལོ་གཅིག་གི་དམིགས་བསལ་སྐྱེད་སྲིང་བྱ་བ་ལག་བསྟར་བྱེད་རྒྱུ་རེད།

                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།