ཟི་ལིང་གྲོང་ཁྱེར་རིམས་འགོག་བཀོད་འདོམས་པུའུ་ཡིས་གྲོང་མི་ཡོངས་ལ་སྤྲིངས་པའི་འཕྲིན།
2022.09.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོ།

རེབ་འདིའི་རིམས་ནད་བྱུང་རྗེས། གྲོང་མི་ཡོངས་ཀྱིས་དོན་ཆེན་བསམ་པ་དང་ཁྱོན་ཡོངས་ལ་དམིགས་ཤིང་། གནས་ལུགས་རྟོགས་པར་བྱས་ཏེ། རིམས་འགོག་བྱེད་ཐབས་ལ་རྒྱུས་ལོན་རྒྱབ་སྐྱོར་གང་ལེགས་དང་གཞོགས་འདེགས་དོན་འཁྱོལ་བཟང་པོ་བྱས་ཏེ། སེམས་ཤུགས་གཅིག་མཐུན་དང་ཕན་ཚུན་རོགས་རེས་སྒོས་ཁྱིམ་ཞེན་རྒྱལ་ཞེན་གྱི་འདུན་པ་དང་སྒེར་སེམས་མེད་པར་བྱས་རྗེས་འབུལ་བའི་སྙིང་སྟོབས་མཚོན་པར་བྱས་ནས། རང་རེའི་གྲོང་ཁྱེར་གྱིས་དུས་ཚོད་ཆེས་ཐུང་ངུའི་ནང་སྤྱི་ཚོགས་ངོས་ཀྱི་འགུལ་རྣམ་གཙང་སེལ་མངོན་འགྱུར་བྱེད་པར་བྱས་རྗེས་གང་ལེགས་བཞག་སོང་། དེང་སྐབས་ཞིང་ཆེན་ཕྱི་ནང་གི་རིམས་ནད་འགོག་སྡོམ་གནས་བབ་སྔར་བཞིན་ཚབས་ཆེ་ཞིང་རྙོག་འཛིང་ཡིན་ལ། རང་རེའི་གྲོང་ཁྱེར་གྱི་ཕྱི་ནས་རིམས་ནད་མཆེད་པ་འགོག་པའི་གནོན་ཤུགས་སྔར་བཞིན་ཅུང་ཆེ། ཟླ་མཆོད་དུས་ཆེན་ལ་ཉེ་བའི་སྐབས་འདིར་མི་སྣའི་འཁོར་རྒྱུག་ཆེ་བས། རིམས་ནད་ནང་དུ་མཆེད་པའི་ཉེན་ཁ་སྔར་ལས་ཀྱང་ཆེ། རྒྱ་ཆེའི་གྲོང་མིའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་སྔར་ལས་བཟང་པོ་བྱས་ཏེ། ཐོབ་དཀའ་བའི་རིམས་ནད་འགོག་སྡོམ་གྱི་གྲུབ་འབྲས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱ་ཆེད། ང་ཚོས་རྒྱ་ཆེའི་གྲོང་མི་ཚོར་གཤམ་གྱི་འབོད་སྐུལ་བཏང་བ་ཡིན།

གཅིག རང་ས་ཆ་ནས་དུས་ཆེན་ལ་རོལ་རྒྱུའི་གྲོས་འགོ་བཏོན་པ་ཡིན། ངེས་པར་དུ་འགྲོ་མི་དགོས་ཚེ་ཟི་ལིང་དང་མི་འབྲལ་བ་དང་། རྫོང་དང་ས་ཁུལ་ལས་མི་བརྒལ་བ། རིམས་ནད་བྱུང་སར་མི་འགྲོ་བ་བཅས་བྱས་ཏེ། ས་ཁོངས་བརྒལ་བའི་འཁོར་རྒྱུག་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱ་རྒྱུ། ས་གཞན་དུ་ལས་ཀ་ལས་པ་དང་སློབ་སྦྱོང་བྱེད་པ། བྱ་བ་སྒྲུབ་པ་བཅས་ཀྱི་གཉེན་ཉེ་གྲོགས་པོ་རྣམས་ཀྱིས་རང་ཡོད་ས་ནས་དུས་ཆེན་ལ་རོལ་རྒྱུ་ལས། ཟི་ལིང་དུ་མི་ཡོང་རྒྱུར་རང་འགུལ་གྱིས་ཁ་ལབ་སློབ་གསོ་གཏོང་བ། དམིགས་བསལ་གྱི་དགོས་མཁོའི་རྐྱེན་གྱིས་ཕྱི་རུ་འགྲོ་དགོས་པ་དང་ཟི་ལིང་དུ་ཡོང་དགོས་ཚེ། སྔ་མོ་ནས་རང་འགུལ་གྱིས་རང་ཡོད་སའི་སྡེ་བ་སྡེ་ཁུལ་དང་བྱ་བ་སྒྲུབ་སའི་ལས་ཁུངས་ལ་སྙན་ཞུ་ཐོ་འགོད་བྱ་དགོས་ཤིང་། ལམ་བར་ཡོངས་སུ་སྒེར་གྱི་འགོག་སྲུང་བཟང་པོར་བསྒྲུབ་པ་དང་། འགྲོ་ས་འདུག་ས་ཡང་དག་པར་ཐོ་འགོད་བྱེད་པ། ཉིན་བདུན་གྱི་ནང་དུ་མི་གཞན་དང་འདུ་འཛོམས་མི་བྱེད་པ་དང་། མི་མང་འདུ་སར་མི་འགྲོ་བ། ཕྱི་རོལ་དུ་འགྲོ་སྐབས་སྒེར་གྱི་འགོག་སྲུང་བཟང་པོར་བསྒྲུབ་པ། གཏན་ཁེལ་ལྟར་དུས་ལྟར་དུ་རང་འགུལ་གྱིས་ཉིང་སྐྱུར་བཤེར་འཇལ་བྱེད་པ་དང་བདེ་ཐང་ལྟ་ཞིབ་ལ་ཤུགས་སྣོན་པ།

གཉིས། ཕྱི་རོལ་དུ་འདུ་རུབ་བྱ་རྒྱུ་ཇེ་ཉུང་དུ་གཏོང་བ། རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོས་འདུ་འཛོམས་དང་འདུ་རུབ་བྱ་འགུལ་རྩ་འཛུགས་མི་བྱེད་པ་དང་དེར་ཟབ་ཞུགས་མི་བྱེད་པར། གཉེན་ཉེ་གྲོགས་པོར་ཐུག་རྒྱུ་ཇེ་ཉུང་དུ་བཏང་སྟེ། ཁ་པར་དང་བརྙན་རིས་ཀྱི་ལམ་ནས་གཉེན་ཉེ་གྲོགས་པོར་འཚམས་འདྲི་བྱ་རྒྱུ། དགའ་སྟོན་རྗེས་སུ་བསྣུར་བ་དང་འདས་དོན་སྟབས་བདེར་བསྒྲུབ་པ། གསོལ་སྟོན་མི་བཤམ་པ། ཚོང་ཁྲོམ་དང་ཚོང་ར་སོགས་མི་མང་འདུ་སར་འགྲོ་ཐེངས་ཇེ་ཉུང་དུ་གཏོང་བ་བཅས་བྱས་ཏེ། རིམས་ནད་འགོས་མཆེད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་དགོས།

གསུམ། ཉིན་རྒྱུན་གྱི་འགོག་སྲུང་བཟང་པོར་བསྒྲུབ་པ། ཁ་ཐུམ་རྒྱག་པ་དང་། ལག་པ་མང་དུ་བཀྲུ་བ། རླུང་རྒྱུན་དུ་རྒྱུ་བར་བྱེད་པ། སྨི་གཅིག་གི་བར་ཐག་འཛིན་པ་སོགས་ཀྱི་གོམས་སྲོལ་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པ། ཚ་རྒྱས་པ་དང་ལུ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། མྱུར་དུ་ཚ་ནད་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པ་དང་། དེའི་སྐབས་སུ་མི་གཞན་དང་འབྲེལ་ཐུག་མི་འབྱུང་བར་བྱ་རྒྱུ། སྡོད་ཁུལ་དང་སྤྱི་པའི་གནས་ཡུལ་དུ་འགྲོ་བ་དང་། སྤྱི་སྤྱོད་རླངས་འཁོར་ལ་འདུག་སྐབས། རང་འགུལ་གྱིས་བཤེར་རིས་གཉིས་དང་དཔང་ཡིག་གཅིག་ལ་ཞིབ་བཤེར་བྱེད་པར་གཞོགས་འདེགས་བྱ་དགོས།

བཞི། རིམས་འགོག་གི་འགོག་ར་མཉམ་སྐྲུན་བྱེད་པ། རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོས་དཔོན་ཕྱོགས་སྨྱན་སྦྱོར་གྱིས་སྤེལ་བའི་རིམས་ནད་འགོག་སྡོམ་ཆ་འཕྲིན་ལ་དོ་སྣང་ཟབ་མོ་བྱེད་དགོས་པ་དང་། དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་མི་རློམ་པ། དཀྲོག་གཏམ་མི་སྒྲོག་པ་བཅས་བྱ་དགོས། གྲོང་ཁྱེར་དང་། རྫོང་དང་ས་ཁུལ་གྱིས་སྤེལ་བའི་ཉིང་སྐྱུར་བཤེར་འཇལ་བརྡ་ཁྱབ་དང་མངའ་ཁུལ་གྱི་བརྡ་ཐོའི་བླང་བྱ་ལྟར། རང་འགུལ་གྱིས་ཐག་ཉེ་ནས་གོ་རིམ་ལྡན་པར་ཉིང་སྐྱུར་བཤེར་འཇལ་ལ་ཞུགས་ཏེ། ཉེན་ཁ་དུས་ལྟར་ཤེས་ཐུབ་པར་ཁག་ཐེག་བྱ་དགོས། དེ་དང་མཉམ་དུ་སྔ་མོ་ནས་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་བརྒྱབ་སྟེ། གྲོང་ཁྱེར་ཡོངས་ཀྱི་རིམས་འགོག་འགོག་ར་མཉམ་སྐྲུན་བྱ་དགོས།

ཁྱེད་ཀྱི་བདེ་ཐང་དང་བདེ་འཇགས་ནི་ང་ཚོའི་ཆེས་ཆེ་བའི་སེམས་ཁུར་ཡིན་ལ། ཁྱེད་ཀྱི་ཟབ་ཞུགས་དང་རྒྱབ་སྐྱོར། རྒྱུས་ལོན་བཅས་ནི་རིམས་ནད་ལས་རྣམ་པར་རྒྱལ་བའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན། ང་ཚོས་ལག་གདང་མཉམ་དུ་སྦྲེལ་ཞིང་གཅིག་སེམས་གཅིག་ལ་གཏད་དེ་ཡིད་ཆེས་བརྟན་པོ་དང་། མགོ་ཡོད་མཇུག་ཡོད། རྒྱུན་འཁྱོངས་ལྷོད་མེད་བཅས་ཀྱི་སྒོ་ནས་རིམས་ནད་འགོག་པའི་འགོག་རྒོལ་གྱི་འཐབ་མོ་དང་མི་དམངས་ཀྱི་འཐབ་མོ་འདི་ལས་རྣམ་པར་རྒྱལ་ཆེད་མཉམ་དུ་འབད་བརྩོན་བྱེད།

ཚང་མས་བདེ་ཐང་དང་བདེ་འཇགས། སྤྲོ་སྐྱིད་བཅས་ཀྱི་སྒོས་ནས་ཟླ་མཆོད་དུས་ཆེན་རོལ་རྒྱུའི་རྟེན་འབྲེལ་ཞུ།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ནས།

2022ལོའི་ཟླ9ཚེས8ཉིན།