མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་གྲོན་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྱུར་བྱས། 
2022.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

གསར་འགོད་པས་ཟླ་དགུ་པའི་ཚེས་དགུ་ཉིན་མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་གཏན་འཇགས་ངང་མཐོར་འདེགས་བྱེད་པ་དང་། སྨན་བཅོས་འགན་སྲུང་ནང་ཞུགས་པའི་མང་ཚོགས་ཀྱི་གཞི་རྩའི་སྨན་བཅོས་དགོས་མཁོར་འགན་སྲུང་བྱེད་ཆེད། ཉིས་སྟོང་ཉེར་གཉིས་ལོར་མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་གྲོན་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྱུར་བྱས། 

མཚོ་སྔོན་གྱི་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་མི་རེའི་ཆ་སྙོམས་གྲོན་དངུལ་བསྡུ་བའི་ཚད་གཞི་དེ་སྟོང་གཅིག་དང་སུམ་ཅུར་ཇེ་མཐོར་བཏང་བ་དང་། དེའི་ནང་མི་རེར་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་སྒོར་དྲུག་བརྒྱ་དང་བརྒྱད་ཅུར་སླེབས་ཡོད་ལ། རྒྱལ་ཁབ་ཀྱི་ཚད་གཞི་ལས་སྒོར་བདུན་ཅུས་ཇེ་མཐོར་སོང་ཡོད་པ་དང་། གྲོན་དངུལ་བསྡུ་བའི་སྤྱི་འབོར་གྱི་བརྒྱ་ཆའི་རེ་དྲུག་ཟིན་ཡོད། མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་ཚད་གཞི་སྒོར་སུམ་བརྒྱ་དང་ལྔ་བཅུ་ཡིན་ལ། གྲོན་དངུལ་བསྡུ་བའི་སྤྱི་འབོར་གྱི་བརྒྱ་ཆའི་སོ་བཞི་ཟིན། གྲོང་གསེབ་སྡོད་དམངས་ཀྱི་ནད་ཚབས་ཆེན་གྱི་ཉེན་སེལ་གྲོན་དངུལ་བསྡུ་བའི་ཚད་གཞི་མི་རེར་ཆ་སྙོམས་སྒོར་གོ་ལྔ་ཡིན་པ་དང་། དེར་མཁོ་བའི་མ་དངུལ་གཅིག་བསྡུས་ཐེབས་རྩའི་ཁྲོད་ནས་གཏོང་བ་ཡིན་པས། སྨན་བཅོས་འགན་སྲུང་ནང་ཞུགས་པའི་མང་ཚོགས་མི་སྒེར་གྱིས་སྤྲོད་མི་དགོས། དེའི་ཞོར་དུ་མུ་མཐུད་དུ་ལས་ཞུགས་རྣམ་པ་གསར་པའི་ལས་གཉེར་མི་སྣ་སོགས་ཀྱི་སྨན་བཅོས་འགན་སྲུང་ནང་ཞུགས་པའི་ཁྱིམ་ཐོའི་ཚད་བཀག་ལྷོད་ཡངས་སུ་བཏང་སྟེ། གཞིས་སྡོད་དཔང་ཡིག་ལྟར་མཚོ་སྔོན་གྱི་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མི་སྣས་གཏན་འཁེལ་ལྟར་ནོར་སྲིད་ཀྱི་ཁ་གསབ་ལོངས་སུ་སྤྱད་ཆོག 

མཚོ་སྔོན་གྱི་དཀའ་ཁག་ཅན་གྱི་མང་ཚོགས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ལ་ཞུགས་པའི་མི་སྒེར་གྱི་གྲོན་དངུལ་དེ་སྨན་བཅོས་རོགས་སྐྱོར་ཐེབས་རྩས་རིགས་དགར་ནས་རོགས་སྐྱོར་བྱེད་པ་དང་། རོགས་སྐྱོར་གྱི་བསྡུར་ཚད་བརྒྱ་ཆའི་ལྔ་བཅུའི་ཡན་ལ་སླེབས་ཡོད་པས། ངེས་པ་དོན་གྱིས་དཀའ་ཁག་ཅན་གྱི་མང་ཚོགས་ཀྱིས་སྨན་བཅོས་འགན་སྲུང་གྲོན་དངུལ་སྤྲོད་པའི་ཁུར་བོ་ཇེ་ཡང་དུ་བཏང་ནས་མི་ཚང་མ་སྨན་བཅོས་འགན་སྲུང་ནང་ཞུགས་ཐུབ་པར་འགན་སྲུང་བྱས་ཡོད། དེའི་ཞོར་དུ་དཀའ་ཁག་ཅན་གྱི་མང་ཚོགས་སྨན་བཅོས་འགན་སྲུང་ནང་ཞུགས་པའི་གྲོན་དངུལ་སྤྲོད་སའི་གེགས་མེད་རྒྱུ་ལམ་བཀོད་སྒྲིག་བྱས་ཏེ། གཅིག་བསྡུས་ཀྱིས་གྲོན་དངུལ་སྤྲོད་པའི་ཚད་བཀག་མི་ཐེབས་པར་བྱས་པས། དུས་ངེས་མེད་དུ་སྨན་བཅོས་འགན་སྲུང་ནང་ཞུགས་པའི་འགྲོ་ལུགས་སྒྲུབ་ཐུབ་པ་དང་དུས་ལྟར་ཁ་གསབ་མ་དངུལ་དངོས་འབེབས་བྱེད་པ། དུས་ལྟར་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་ཐུབ་པ་བཅས་ལ་འགན་སྲུང་བྱས་ནས། ཕན་ནུས་ལྡན་པའི་སྒོ་ནས་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བའི་ཉེན་ཁ་སྔོན་འགོག་དང་ཞི་འཇགས་སུ་བཏང་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།