མཚོ་སྔོན་གྱི་བོད་སྨན་སྐོར་ཞིག་བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཀྲུང་བོད་སྨན་འགོག་བཅོས་ཇུས་གཞིའི་ཁྲོད་བཞག
2022.09.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དགུ་པའི་ཚེས་བདུན་ཉིན་གསར་འགོད་པས་མཚོ་སྔོན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་སྐྱེ་དངོས་ཚན་རྩལ་ཐོན་ལས་ར་བའི་ཁུལ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པྲོག་གསར་གློ་ཚད་རིམས་ནད་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་ཕྱོགས་བསྡུས་ཚན་ཆུང་གིས་གཏན་འབེབས་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི་ལ་ཟུང་འབྲེལ་བྱས་ནས། བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་བོད་སྨན་ནད་བརྟག་སྨན་བཅོས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་། བོད་རང་སྐྱོང་ལྗོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཀྲུང་བོད་སྨན་འགོག་བཅོས་ཇུས་གཞི་ཞིབ་འཇུག་གཏན་འབེབས་བྱས་པ་དང་། དེའི་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་རིན་ཆེན་གྲང་སྦྱོར་དང་། རིན་ཆེན་མང་སྦྱོར། བྱིས་པའི་གློ་ཆམས་ཀུན་སེལ།སྤང་རྒྱན་བཅོ་ལྔ། སྤང་རྩི་བཅུ་གཉིས། གི་ཝང་དགུ་པ། ཨ་ཀར་སོ་ལྔ། སེ་འབྲུ་ཉི་དཀྱིལ། ཟླ་ཤེལ་ཆེན་མོ་སོགས་ཐོན་རྫས་འགོག་བཅོས་ཇུས་གཞིའི་ནང་བཞག་ཡོད། 

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ཐད་ནས་གསར་གཏོད་སྣེ་ཁྲིད་འཐབ་ཇུས་ལག་བསྟར་བྱས་པ་དང་། བོད་ལུགས་གསོ་རིག་གི་རྨང་གཞི་གཞུང་ལུགས་ཞིབ་འཇུག་བརྒྱུད་དེ་བོད་སྨན་ཚད་གཞི་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ལ། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་རྫས་ཀྱི་རིགས་སྣ་སྔར་ལས་ཇེ་མང་དུ་སོང་བ་དང་། ནད་པར་ཞབས་ཞུ་བྱེད་པའི་ཆུ་ཚད་ཀྱང་སྔར་ལས་ཇེ་བཟང་དུ་སོང་ནས། རྒྱལ་ཁབ་ཕྱི་ནང་གི་ནད་རྟགས་སྨན་བཅོས་ཁྲོད་བཀོལ་སྤྱོད་རྒྱ་ཆེར་བྱས་པ་དང་། མཚན་སྙན་ཡང་དེ་དང་བསྟུན་ནས་ཇེ་མཐོར་སོང་།

རིན་ཆེན་མཚོས་བསྒྱུར།