རང་ཞིང་དུ་སྐྱེ་ཁམས་སློབ་གསོའི་རྟེན་གཞི་གཉིས་ཁ་སྣོན་བྱས། 
2022.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ཀྲུང་གོའི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ཀྱིས་དམར་ཁོག་ནགས་ལས་ཅུའུ་དང་རྟ་ཐང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཁྲ་ཧན་ཆུ་བོའི་མཛེས་ལྗོངས་ཁུལ་དུ་སྐྱེ་ཁམས་སློབ་གསོའི་རྟེན་གཞི་འཛུགས་པར་ཆོག་མཆན་བཀོད། 

མཚོ་སྔོན་ཞིང་ཆེན་དམར་ཁོག་ནགས་ལས་ཅུའུ་ཡི་སྐྱེ་ཁམས་སློབ་གསོའི་རྟེན་གཞི་དེས་གཙོ་བོ་ནགས་ཁུལ་གྱི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་གོ་གནས་མཚམས་སྦྱོར་བྱེད་པ་དང་། དྲིལ་སྒྲོག་བརྙན་རིས་ལ་བལྟ་བ། སྲོག་ཆགས་དང་རྩི་ཤིང་གི་གཞུང་ལུགས་ཤེས་བྱར་སློབ་སྦྱོང་བྱེད་པ། སྐྱེ་ཁམས་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱེད་པ། ཡུལ་དངོས་ནས་རྟོག་ཞིབ་སློབ་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་གལ་ཆེན་རང་བཞིན་དྲིལ་སྒྲོག་བྱེད་པ་དང་། མང་ཚོགས་ཀྱི་རང་བྱུང་ཁམས་ཆེན་མོའི་རྒྱུས་ལོན་དང་ཤེས་རྟོགས་ལ་སྐུལ་འདེད་གཏོང་བ་དང་། ཚང་མའི་ཁོར་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་དེ་རེད། 

རྟ་ཐང་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཁྲ་ཧན་ཆུ་བོའི་མཛེས་ལྗོངས་ཀྱི་སྐྱེ་ཁམས་སློབ་གསོའི་རྟེན་གཞིས་གཙོ་བོ་སྐྱེ་དངོས་སྣ་མང་ཅན་གྱི་སྤྱི་ཆིངས་མཚམས་སྦྱོར་བྱེད་པ་དང་། པའོ་ཁུའུ་ནགས་ཁུལ་གྱི་སྐྱེ་དངོས་ཐོན་ཁུངས་ཀྱི་ཁྱབ་ཚད་དང་སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན། རིགས་སྣའི་སྣ་མང་རང་བཞིན། རྒྱུད་རྒྱུའི་སྣ་མང་རང་བཞིན་བཅས་མཚམས་སྦྱོར་བྱེད་པ། ཁྲ་ཧན་ཆུ་བོའི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་གི་བརྙན་རིས་ལ་བལྟ་བ་སོགས་ཀྱི་ཐབས་ལ་བརྟེན་ནས། མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་འཚོལ་ཞིབ་དང་སློབ་སྦྱོང་གི་སྤྲོ་བ་སྐུལ་སྤེལ་བྱ་རྒྱུ་དེ་རེད། 

སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་གྱི་སློབ་གསོར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ན་གཞོན་དག་རང་བྱུང་ཁམས་སུ་བསྐྱོད་དེ་སྐྱེ་ཁམས་སློབ་གསོའི་ལག་ལེན་བྱ་འགུལ་སྤེལ་བར་རྒྱབ་སྐྱོར་བྱེད་ཆེད། ཀྲུང་གོའི་རི་སྐྱེས་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ཀྱི་མཉམ་འབྲེལ་ཚན་རིག་ཞིབ་འཇུག་དང་། སློབ་གསོ། འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་རྒྱལ་ཡོངས་ཀྱི་སྐྱེ་ཁམས་སློབ་གསོའི་མནའ་འབྲེལ་བཙུགས་པ་ཡིན་ལ། དམིགས་ཡུལ་ནི་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་སྟོབས་ཤུགས་རྩ་འཛུགས་བྱས་ཤིང་། ན་གཞོན་ལོ་ཆུང་དག་ལ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྲུང་སྐྱོབ་ཤེས་བྱ་ཁྱད་གདལ་དུ་བཏང་སྟེ། སློབ་མ་དག་རང་བདག་ཤེས་རྟོགས་དང་རང་བྱུང་ཁམས་ཆེན་མོར་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བྱས་པ་བརྒྱུད། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་དེ་མེས་རྒྱལ་གྱི་ས་ཆེན་སྟེང་ཕྱོགས་ཡོངས་ནས་མངོན་པར་བྱེད་ཆེད་རེད། 


བསོད་ནམས་ཚེ་རིང་གིས་བསྒྱུར།