རང་ཞིང་གིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་དཔེ་སྟོན་སྡེ་བ་སྐོར་ཞིག་གསར་སྐྲུན་བྱས།
2022.09.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་ལམ། གསར་འགོད་པས་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གཅིག་ལོའི་བར་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱུན་མཐུད་སྒོས་རང་ཞིང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་དངུལ་གཏོང་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྡེ་བ་རེར་སྒོར་འབུམ་ལྔའི་ཚད་གཞི་ལྟར།  རང་ཞིང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་ཐད་ལ་བསྡོམས་པས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་གཅིག་ས་ཡ་དགུ་ལྷག་བཏང་ནས། སྲིད་འཛིན་སྡེ་བ་སྟོང་གཅིག་དང་ཉིས་བརྒྱ་སོ་དགུ་ཡིས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་བྱས། མིག་སྔའི་བར་དུ་སྡེ་བ་སྟོང་གཅིག་དང་ཞེ་བཞི་ཡིས་ལས་གཞིའི་བཟོ་སྐྲུན་ཡོངས་འགྲུབ་བྱས་པར་མ་ཟད་ཞིབ་བཤེར་ཚད་ལེན་བྱས་པ་དང་། ཡོངས་འགྲུབ་བྱས་ཚད་བརྒྱ་ཆའི་གྱ་ལྔ་ལྷག་ལ་སླེབས་ཤིང་། སྡེ་བ་བརྒྱད་བརྒྱ་དང་ཉེར་ལྔ་ལ་བསྡོམས་པས་ཡོང་སྒོ་སྒོར་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་གཅིག་ཁྲི་གཅིག་ཐོབ་པ་དང་། ཐུན་མོང་གིས་ཐོན་ལས་འཐུས་ཚང་ཡིན་པ་དང་ཡོང་སྒོ་བརྟན་འཇགས་ཡིན་པ། དོ་དམ་ཚད་ལྡན་ཡིན་པའི་ཐུན་མོང་དཔལ་འབྱོར་དཔེ་སྟོན་སྡེ་བ་སྐོར་ཞིག་གསར་སྐྲུན་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གིས་སྡེ་བའི་ཏང་རྩ་འཛུགས་ཀྱིས་རེ་ཞུ་བྱེད་པ་དང་ཡུལ་ཚོ་དང་གྲོང་བརྡལ་གྱི་གདམ་གསེས་བྱེད་པ། རྫོང་རིམ་པས་ཐོག་མའི་ཞིབ་བཤེར་བྱེད་པ། གྲོང་ཁྱེར་དང་ཁུལ་རིམ་པས་བསྐྱར་ཞིབ་བྱེད་པ། ཞིང་ཆེན་རིམ་པས་ཞིབ་བཤེར་གཏན་འཁེལ་བྱེད་པའི་གོ་རིམ་ལྟར། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་འཛིན་སྡེ་བའི་གཞི་གྲངས་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གནས་ཚུལ། ལོ་སྔོན་མར་ལས་གཞི་ལག་བསྟར་གནས་ཚུལ་སོགས་ལ་ཕྱོགས་བསྡུས་སྒོས་བསམ་གཞིགས་བཏང་རྗེས། སྡེ་བའི་ཏང་རྩ་འཛུགས་ཀྱི་གཅིག་བསྡུས་སྟོབས་ཤུགས་དང་འཐབ་འཛིང་སྟོབས་ཤུགས་ཆེ་བ་དང་རྨང་གཞིའི་ཆ་རྐྱེན་བཟང་བ་དང་དངོས་ཕུང་ཐོན་ལས་ཡོད་པ། སྔོན་དཔག་ཕན་འབྲས་མཐོ་བའི་སྡེ་བ་གཙོར་བཟུང་ནས་རྒྱབ་སྐྱོར་བྱས་ནས། ཀྲུང་དབྱང་གིས་ནོར་སྲིད་མ་དངུལ་བཏང་ནས་ཕན་འབྲས་ཐོབ་པ་འགན་སྲུང་བྱས།

རང་ཞིང་གིས་ཀྲུང་དབྱང་ནོར་སྲིད་རོགས་སྐྱོར་མ་དངུལ་གྱི་རྨང་གཞིའི་སྟེང་། ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་ས་ཡ་གཉིས་ལེགས་སྒྲིག་བྱས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་དུང་ཕྱུར་གཅིག་དང་བྱེ་བ་དྲུག་ས་ཡ་གསུམ་བཏང་བ། སྤྱི་ཚོགས་ཀྱི་མ་རྩ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་ནང་འདྲེན་བྱས་པ། སྡེ་བ་རིམ་པས་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་དྲུག་གྲ་སྒྲིག་བྱས་ནས། ལས་གཞི་ལག་བསྟར་བྱེད་པར་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས།

                                                                                     བཀྲ་ཤིས་འབུམ་གྱིས་བསྒྱུར།