རྒྱུད་གཅིག་ལམ་གཅིག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས།
2022.09.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་ལམ། ཚོང་དོན་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་ཉོ་ཚོང་ཞབས་ཞུ་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་སྐུལ་སྤེལ་ལྟེ་གནས་གཉིས་ཀྱིས་སྒྲུབ་འགན་འཁུར་བའི་རྒྱུད་གཅིག་ལམ་གཅིག་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཚོགས་འགོ་བརྩམས། ཕྱི་རོགས་མི་ཤུགས་ཐོན་ཁུངས་གསོ་སྦྱོང་ལས་གཞི་ནི་ཀྲུང་གོས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཇོན་མི་དང་ཆེད་ལས་ལག་རྩལ་མི་སྣ་སྐྱེད་སྲིང་བྱེད་པར་རོགས་རམ་བྱས་ཏེ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།

ཐེངས་འདིའི་གསོ་སྦྱོང་བྱེད་ཡུན་ཉིན་ཉེར་གཅིག་ཡིན་པ་དང་། བསྡོམས་པས་རྒྱལ་ཁབ་བཞི་ནས་ཡོང་བའི་སློབ་མ་ཉེར་གཉིས་གསོ་སྦྱོང་འཛིན་གྲྭར་ཞུགས། གསོ་སྦྱོང་བྱེད་ཐབས་ནི་དྲ་ངོས་ནས་ཐད་གཏོང་གི་རྣམ་པ་བརྒྱུད་དེ་སློབ་ཁྲིད་བྱེད་རྒྱུ་ཡིན་པ་དང་། སློབ་སྦྱོང་གི་ནང་དོན་གཙོ་བོ་ནི་སྐྱེ་ལྡན་ཞིང་ལས་དང་དེ་མིན་དེང་རབས་ཞིང་ལས་འཕེལ་རྒྱས་སོགས་ཆེད་དོན་འཆད་ཁྲིད་བཅུ་དགུ་དང་ཆེད་དོན་བགྲོ་གླེང་ཐེངས་བརྒྱད་ལ་བྱེད་རྒྱུ་རེད། འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོའི་སྟེང་། སི་རི་ལན་ཁ་རྒྱལ་ཁབ་ཀྱི་ཕྱུགས་ལས་འཕེལ་རྒྱས་ཅུའུ་ཡི་སློབ་མ་རའོ་ཧན་གྱིས་སྐབས་འདིའི་ཞིབ་འཇུག་གསོ་སྦྱོང་འཛིན་གྲྭའི་སློབ་མ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད།

མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོའི་འབྲོག་ཁུལ་ཆེན་པོ་ལྔའི་ནང་གི་གཅིག་ཡིན་ལ། རང་བྱུང་རྩྭ་སའི་གཞི་ཁྱོན་ཆེ་བ་དང་ད་ཡོད་ཀྱི་རང་བྱུང་རྩྭ་སའི་གཞི་ཁྱོན་ལ་སྤྱི་ཆིང་བྱེ་བ་བཞི་དང་ས་ཡ་གཅིག་འབུམ་བརྒྱད་ཁྲི་དྲུག་ལྷག་ཡོད་པ། ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཆ་རྐྱེན་དང་ས་ཁམས་ཁོར་ཡུག་ལྡན་པ་དང་ཞིང་ཕྱུགས་ལས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། ཐེངས་འདིའི་ཕྱི་རོགས་གསོ་སྦྱོང་ལས་གཞི་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཞིང་ཕྱུགས་ལས་ཁྱད་སྟོབས་གསར་སྤེལ་བྱེད་པ་དང་ཟུང་འབྲེལ་བྱེད་པའི་སྣ་མང་མཉམ་ལས་ལས་གཞི་ཡིན་པ་དང་། དེའི་དམིགས་ཡུལ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཞིང་ཕྱུགས་ལས་འཇོན་མི་སྐྱེད་སྲིང་བྱེད་པར་རོགས་རམ་བྱས་ཏེ། ཉམས་མྱོང་བརྗེ་རེས་དང་ལག་རྩལ་མཉམ་ལས་ལ་སྐུལ་འདེད་གཏོང་བ། སློབ་མའི་ཞིང་ཕྱུགས་ལས་འཕེལ་རྒྱས་ཕྱོགས་ཀྱི་རིགས་གཞུང་ཆུ་ཚད་དང་ལག་རྩལ་བཀོལ་སྤྱོད་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དེ་ཡིན། ཐེངས་འདིའི་གསོ་སྦྱོང་བརྒྱུད་དེ་སློབ་མ་རྣམས་ཀྱིས་ཤེས་བྱ་གསར་བ་དང་ལག་རྩལ་གསར་བ་ཁོང་དུ་ཆུད་པར་བྱེད་པ་དང་ཉམས་མྱོང་གསར་བ་དང་ལེན་བྱེད་པ། འདུ་ཤེས་གསར་བ་བརྒྱུད་གཏོང་བྱས་ནས། ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་ཤུགས་ཆེན་པོ་འདོན་ངེས་རེད།

                                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།