མཚོ་སྔོན་གྱི་འགྲེམ་སྟོན་སྣ་གཉིས་རྒྱལ་ཁབ་རིག་དངོས་ཅུའུ་ཡི་ལོ་ཧྲིལ་བོའི་བརྗོད་དོན་འགྲེམ་སྟོན་ངོ་སྤྲོད་ཁྲོད་ཚུད། 
2022.09.13 ཁུངས། ཟི་ལིང་དགོང་དྲོའི་ཚགས་པར། ཀློག་གྲངས། 17

ཟླ་དགུ་པའི་ཚེས་དགུ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་རྒྱལ་ཁབ་རིག་དངོས་ཅུའུ་ཡིས་ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་བྱེད་པ་ཞེས་པའི་བརྗོད་དོན་འགྲེམ་སྟོན་ངོ་སྤྲོད་མཇུག་འབྲས་ཁྱབ་བསྒྲགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུའུ་ཡིས་ཡར་ཞུ་བྱས་པའི་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་གི་མདེལ་གཉིས་སྐར་གཅིག་སྙིང་སྟོབས་རྡུལ་ཕྲན་མཁར་རྗེས་དྲན་ཁང་གི་འགྲེམ་སྟོན་དང་མཚོ་སྔོན་ཞིང་ཆེན་རིག་མཛོད་ཁང་གི་མཚོ་སྔོན་གནའ་རྫས་འཚོལ་ཞིབ་འགྲེམ་སྟོན་གཉིས་དེའི་ཁྲོད་ཚུད།

རྒྱལ་ཡོངས་ཀྱི་ཁྱོན་ཡོངས་དང་མ་ལག་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོའི་ཉིང་རྡུལ་བཟོ་ལས་གསར་སྐྲུན་དང་འཕེལ་རྒྱས་འཕེལ་རིམ་གྱི་ཆེད་དོན་རྗེས་དྲན་ཁང་གཅིག་པུ་སྟེ་མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་གིས་གསོན་ཉམས་ལྡན་ཞིང་མིག་མཐོང་ལག་ཟིན་གྱི་འགྲེམ་སྟོན་ནང་དོན་དང་རྣམ་པ་གསར་བར་བརྟེན་ནས་རང་རྒྱལ་གྱི་རྡུལ་ཕྲན་འགད་འདེལ་དང་ཆིང་ཏན་འགད་འདེལ་ཞིབ་འཇུག་ལེགས་འགྲུབ་བྱུང་བའི་རླབས་ཆེ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་ལོ་རྒྱུས་ཀྱི་གཟི་བརྗིད་འགྲེམ་སྟོན་བྱས་ལ། མེས་རྒྱལ་ལ་དགའ་བ་དང་བློས་གཏོང་ཕོད་པ། རང་ཁ་རང་གསོ། འབད་འཐབ་ལྷོད་མེད། མཐུན་སྦྱོར་ཤུགས་ཆེན་དང་ཡང་རྩེར་སྙེག་ཕོད་པའི་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས།

མཚོ་སྔོན་ཞིང་ཆེན་རིག་མཛོད་ཁང་གིས་མཚོ་སྔོན་གྱི་ལོ་རྒྱུས་རིག་དངོས་འགྲེམ་སྟོན་གཙོར་བྱས་ནས་མཚོ་སྔོན་གྱི་ཡི་གེ་མ་བྱུང་གོང་གི་ལོ་རྒྱུས་དང་ཉེ་བའི་དུས་སྐབས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་མངོན་པར་བྱས།

མི་ཕམ་མགོན་པོས་བསྒྱུར།