ཁེ་ལས་འབྲིང་ཆུང་ནི་མཚོ་སྔོན་ཞིང་ཆེན་གྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བའི་གཙོ་ཤུགས་སུ་གྱུར།
2022.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན་གྱིས་གཞི་ཁྱོན་ཅན་གྱི་བཟོ་ལས་དང་ཁེ་ལས་གསོ་སྐྱོང་བྱེད་རྒྱུ་དེ་བཟོ་ལས་དཔལ་འབྱོར་གྱི་འཕར་སྣོན་བརྟན་འཇགས་སུ་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གཏིང་ཤུགས་ཇེ་ཆེར་གཏོང་བའི་བྱ་བ་གཙོ་བོར་བཞག་ནས་དམ་འཛིན་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོ་དང་བཟོ་ལས་གླིང་ཁུལ་གྱིས་རྒྱུན་མཐུད་སྒོས་ཁེ་ལས་ཆུང་བའི་གཞི་ཁྱོན་རྒྱ་བསྐྱེད་དེ། བསྡོམས་པས་གཞི་ཁྱོན་ཅན་གྱི་ཁེ་ལས་འབྲིང་ཆུང་བཞི་བརྒྱ་གསོ་སྐྱོང་བྱས་པ་དང་། ཁེ་ལས་ཆུང་བ་སྟོང་ལྔ་དང་ཉིས་བརྒྱ་དང་ཉི་ཤུ་གསོ་སྐྱོང་བྱས་པར་མ་ཟད། འཕར་སྣོན་བྱུང་བ་མགྱོགས་ཤིང་གསར་སྐྲུན་ནུས་ཤུགས་ལྡན་པའི་ཁེ་ལས་ཆུང་བ་སྐོར་ཞིག་གཞི་ཁྱོན་ཅན་གྱི་བཟོ་ལས་ཁེ་ལས་སུ་བསྒྱུར་བས། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་བརྟན་འཇགས་སྒོས་འཕར་བའི་གཙོ་ཤུགས་སུ་གྱུར།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་གྱིས་སྔོན་ཐོན་ཁེ་ལས་གསོ་སྐྱོང་བྱེད་པ་དང་སྟོབས་ལྡན་ཐོན་ལས་ལེགས་པོར་བསྒྲུབ་རྒྱུ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྐོར་ཞིག་གྲ་སྒྲིག་དང་སྐོར་ཞིག་གསོ་སྐྱོང་། སྐོར་ཞིག་མཐོར་འདེགས་སུ་གཏོང་བའི་རྩ་དོན་ལྟར། ཧུར་ཐག་སྒོས་ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་གསོ་སྦྱོང་བྱེད་པའི་བྱ་བ་བསྒྲུབས། ཉིས་སྟོང་བཅོ་བརྒྱད་ལོའི་ཚུན་ལ། ཞིང་ཆེན་རིམ་པའི་ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་གྱི་ཁེ་ལས་ཁས་ལེན་གཏན་འཁེལ་བྱ་བ་བསྒྲུབས་འགོ་བརྩམས་པའི་ཚུན་ལ། ཁེ་ལས་གཙོ་བོ་གསོ་སྐྱོང་བྱས་ཏེ་ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་བ་ནས་ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་གྱི་གྱད་མི་ཆུང་བ་ཞེས་པའི་ཁེ་ལས་ཀྱི་རིམ་ཚད་གསོ་སྦྱོང་མ་ལག་རིམ་བཞིན་ཆགས་པར་བྱས། མིག་སྔའི་བར་དུ་བསྡོམས་པས་སྐོར་ལྔའི་ཞིང་ཆེན་རིམ་པའི་ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་གྱི་ཁེ་ལས་འབྲིང་ཆུང་བརྒྱ་དང་བཅུ་ཁས་ལེན་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་རིམ་པའི་ཆེད་ལས་ཅན་དང་ཞིབ་ཚགས་ཅན། ཁྱད་ཆོས་ཅན། དཔེ་གསར་ཅན་གྱི་གྱད་མི་ཆུང་བ་ཞེས་པའི་ཁེ་ལས་བཅུ་མཚམས་སྦྱོར་བྱས་ནས་ཁས་ལེན་བྱས།

                                                                            བཀྲ་ཤིས་འབུམ་གྱིས་བསྒྱུར།