ཟླ་མཆོད་དུས་ཆེན་གྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་གནས་བབ་སྤྱིར་བཏང་དུ་བརྟན་བརླིང་རེད།
2022.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་མཆོད་དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་གནས་བབ་སྤྱིར་བཏང་དུ་བརྟན་བརླིང་ཡིན་པ་དང་། ཐོན་སྐྱེད་བདེ་འཇགས་དོན་རྐྱེན་དང་རང་བྱུང་གནོད་འཚེ་ཆེན་པོ་མ་བྱུང་།

ཞིང་ཆེན་འཕྲལ་བསྟུན་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་དང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་གཉིས་ཀྱིས་ཉིན་རེར་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་དང་ལས་ཁུངས་སོ་སོར་བརྙན་རིས་བཀོད་གཏོང་བྱས་པ་དང་། དུས་ཆེན་སྐབས་སུ་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱས་པར་མ་ཟད། གནམ་གཤིས་དང་ཆུ་བེད། རང་བྱུང་ཐོན་ཁུངས་སོགས་ཉེན་བརྡ་ཆ་འཕྲིན་ལ་ཡིད་འཇོག་ཆེན་པོ་བྱས་ཏེ། གནོད་འཚེ་སྔོན་དཔག་ཉེན་བརྡ་གཏོང་བ་དང་། ཉེན་ཁར་ཞིབ་བཤེར་བྱེད་པ། འཕྲལ་བསྟུན་གྲ་སྒྲིག་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། བཀོད་སྒྲིག་སྒྱུར་སྤོར་རྐྱེན་སྲོལ་གེགས་མེད་དུ་འཁོར་རྒྱུག་བྱེད་པར་འགན་སྲུང་བྱས་ནས། མང་ཚོགས་ཀྱིས་བདེ་འཇགས་ངང་དུས་ཆེན་རོལ་བར་ཁག་ཐེག་བྱེད་དགོས། རིམ་པ་སོ་སོའི་འཕྲལ་བསྟུན་དོ་དམ་ལས་ཁུངས་ཀྱིས་འགོ་ཁྲིད་ལས་བྱེད་པས་ལས་གནས་སྲུང་བ་དང་ལས་རེས་བྱེད་པ་དང་དུས་ཚོད་ཉེར་བཞིའི་རིང་ལས་གནས་གཏན་སྲུང་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། རིམས་ནད་འགོག་སྡོམ་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་གནོད་འཚེ་དོན་རྐྱེན་འབྱུང་བར་དོགས་ཟོན་ནན་མོ་བྱེད་དགོས།

དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ས་ཡོམ་ཅུའུ་ཡིས་ས་ཡོམ་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ཀྱི་ས་ཡོམ་གནས་ཚུལ་ལ་ལྟ་ཞིབ་རྗེས་འདེད་དང་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་བྱ་བ་བཟང་བོར་བསྒྲུབས། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡིས་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཡིད་འཇོག་ཆེན་པོ་བྱས་ནས་དུས་ཐོག་ཏུ་གནམ་གཤིས་སྔོན་བརྡ་གཏོང་བའི་ཆ་འཕྲིན་ཁྱབ་སྒྲོག་བྱས། ས་གནས་སོ་སོའི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་འགྲིམ་འགྲུལ་ཉེན་རྟོག་པ་མི་ཐེངས་སྟོང་གསུམ་དང་ཉིས་བརྒྱ་རེ་གསུམ་དང་ཉེན་རྟོག་རླངས་འཁོར་ཐེངས་དྲུག་བརྒྱ་དང་གྱ་བརྒྱད་ལ་མངགས་པ་དང་། གནས་སྐབས་ཀྱི་ལས་རེས་བྱེད་ས་ཉེར་བདུན་བཙུགས་ནས། གཞུང་ལམ་བདེ་འཇགས་ལ་འགན་སྲུང་བྱས།

                                                                                                   བཀྲ་ཤིས་འབུམ་གྱིས་བསྒྱུར།