མཚོ་སྔོན་གྱིས་རྫོང་རིམ་པའི་གློག་ཚོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཞེ་གཅིག་བཙུགས།
2022.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཉེ་སྔོན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་སུ་རྫོང་རིམ་པའི་གློག་ཚོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཞེ་གཅིག་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་རིམ་པའི་གློག་ཚོང་ཞབས་ཞུ་ས་ཚིགས་སྟོང་གསུམ་དང་ཉེར་བརྒྱད་བཙུགས།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཚོང་དོན་ཐིན་གྱིས་ཞང་གྲོང་གི་ཞབས་ཞུ་ས་ཚིགས་ལ་དམིགས་ནས། ཞིང་ཁྱིམ་དང་གློག་ཚོང་ས་ཚིགས། མགྲོན་པོ་བཅས་མཉམ་འབྲེལ་གྱི་གློག་ཚོང་སྐྱེལ་སྤྲོད་ཀྱི་ལམ་བུ་གསར་བ་བཙུགས་པ་དང་། དྲ་ཐོག་ཉོ་ཚོང་ལམ་བུ་རྒྱ་བསྐྱེད་དེ། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་རོགས་འདེགས་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་རྫོང་རིམ་པའི་གློག་ཚོང་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཞེ་གཅིག་དང་ཡུལ་ཚོ་དང་གྲོང་རྡལ། སྡེ་བ་རིམ་པའི་གློག་ཚོང་ཞབས་ཞུ་ས་ཚིགས་སྟོང་གསུམ་དང་ཉེར་བརྒྱད་བཙུགས། དེ་དང་མཉམ་དུ། ཁུལ་ཁོངས་གློག་ཚོང་ཐོན་ཁུངས་ཀྱི་དགེ་མཚན་ལ་དམིགས་ནས། ཁེ་ལས་དང་མཉམ་ལས་ཁང་གི་ད་ཡོད་གཞི་ཁྱོན་དང་ཐོན་ལས་གྲུབ་ཚུལ། ཚོང་རྟགས་འཛུགས་སྐྲུན། ཞིང་ལས་ཐོན་རྫས་ཀྱི་རིགས་སྣའི་ཐོན་ཚད་སོགས་གཞི་རྩའི་གཞི་གྲངས་ལ་མཐིལ་རྟོགས་བྱས་པ་དང་། ལེགས་འདེམ་གསོ་སྐྱོང་བྱས་ལ། སྡེ་བའི་ཐོན་མོང་དཔལ་འབྱོར་ཁེ་ལས་དང་མཉམ་ལས་ཁང་གིས་ཐོན་རྫས་ཁས་ལེན་བདེན་དཔང་བྱས་པ་དང་། ཉོ་ཚོང་ལམ་བུ་རྒྱ་བསྐྱེད་ལ། གཉིས་ཕན་མཉམ་རྒྱལ་དང་ཡུན་རིང་ཕན་པའི་མཉམ་ལས་རྐྱེན་སྲོལ་བཙུགས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་།

དེ་ལས་གཞན། རྫོང་རིམ་པའི་གློག་ཚོང་སྤྱི་ཐུན་ཞབས་ཞུ་ལྟེ་གནས་ཀྱི་རྩོལ་ནུས་གཙིགས་སུ་འཛིན་པ་བརྒྱུད་དེ། རང་ས་གནས་ཀྱི་གློག་ཚོང་ཁེ་ལས་སྐྱེད་སྲིང་བྱས་པ་དང་། སྟེགས་བུ་སྦྲེལ་མཐུད་དང་གློག་ཚོང་འཁོར་རྒྱུག ཉོ་འཚོང་ཁྱབ་གདལ། ཚོང་རྟགས་འཛུགས་སྐྲུན། དཔུང་སྡེ་སྐྱེད་སྲིང་། དངུལ་རྩ་ཞབས་ཞུ། གཞི་གྲངས་མཉམ་སྤྱོད་སོགས་སྤྱི་ཐུན་ཞབས་ཞུ་འདོན་སྤེལ་བྱས་ནས། སློབ་གྲྭ་ཆེན་མོ་བ་དང་ཞིང་སྡེའི་ན་གཞོན་གྱིས་གློག་ཚོང་བརྒྱུད་དེ་ལས་ཞུགས་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས། མིག་སྔའི་བར་དུ། མཉམ་ལས་ཁང་གི་ཚོགས་མི་དང་ཕྱིར་ཕ་ཡུལ་དུ་ལོག་པའི་ལས་སྐྲུན་ན་གཞོན་སོགས་མི་ཚོགས་ཁྲི་དགུ་ལྷག་གསོ་སྦྱོང་བྱས་ཏེ། ཐད་ཀར་རྫོང་ཁོངས་ཀྱི་མི་སྟོང་གསུམ་ལྷག་གི་ལས་ཞུགས་ཐག་བཅད་པ་དང་། ཐོན་སྐྱེད་དང་གློག་ཚོང་། ཚོང་ཟོག་སྐྱེལ་འདྲེན་སོགས་ཐོན་ལས་ཐད་ཀྱི་ཁེ་ལས་ལ་མི་ཁྲི་གཉིས་ལྷག་ནང་འདྲེན་ལས་ཞུགས་བྱས།

རིན་ཆེན་མཚོས་བསྒྱུར།