མཚོ་སྔོན་གྱིས་སྨན་བཅོས་འགན་སྲུང་ཐེབས་རྩ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བཞི་བཀོལ་ནས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པར་སྨན་བཅོས་བྱས།
2022.09.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 23

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་མི་སྣས་མཚོ་སྔོན་གྱི་ལོ་ངོ་བཅུ་ཞེས་པའི་སྨན་བཅོས་འགན་སྲུང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་པ་ལྟར་ན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་སྨན་བཅོས་འགན་སྲུང་གི་དམིགས་བསལ་སྲིད་ཇུས་བཅུ་བཏོན་ནས་པྲོག་གསར་གློ་ཚད་རིམས་ནད་བརྟག་བཅོས་ཇུས་གཞིའི་ཁྲོད་ཀྱི་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་ལས་གཞི་དུས་ལྟར་སྨན་བཅོས་འགན་སྲུང་རྩིས་སྤྲོད་ཁྱབ་ཁོངས་སུ་བཞག་པ་དང་། ནད་པར་སྨན་བཅོས་བྱེད་པའི་སྨན་ཁང་གཙོ་བོར་སྨན་བཅོས་འགན་སྲུང་ཐེབས་རྩ་སྒོར་དུང་ཕྱུར་བདུན་དང་བྱེ་བ་བཞི་བཀོལ་ནས་ནད་པས་སྨན་རིན་གྱི་དབང་གིས་ནད་སྟོན་དཀའ་བ་དང་སྨན་བཅོས་སྨན་ཁང་གིས་རྩིས་སྤྲོད་ཀྱི་དབང་གིས་སྨན་བཅོས་བྱེད་དཀའ་བའི་ཤུགས་རྐྱེན་སེལ་བར་འགན་སྲུང་བྱས།

ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་དུས་རིམ་རང་བཞིན་གྱི་ཉུང་བསྡུ་འགྱངས་སྤྲོད་ཀྱི་སྲིད་ཇུས་བཏོན་པ་དང་། ཁེ་ལས་ཀྱིས་སྨན་བཅོས་འགན་སྲུང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་བཞི་ས་ཡ་གཉིས་སྤྲོད་མི་དགོས་པར་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཁེ་ལས་ཀྱིས་ལས་ཐོན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས། གཅིག་བསྡུས་ཉིང་སྐྱུར་གཤེར་འཇལ་སྨན་རྫས་ཉོ་སྒྲུབ་ཐད་མཚོ་སྔོན་གྱིས་ཉིང་སྐྱུར་བཤེར་འཇལ་ལས་གཞིའི་རིན་གོང་སྔ་གཞུག་ཏུ་ཐེངས་བརྒྱད་ལ་ལེགས་སྒྲིག་བྱས་པ་དང་། རྐྱང་བཤེར་མི་རེར་ཡར་སྔོན་གྱི་སྒོར་ཉིས་བརྒྱ་ནས་སྒོར་བཅོ་ལྔའི་བར་མར་ཆག་པ་དང་། བསྣོལ་བཤེར་མི་རེར་ཡར་སྔོན་གྱི་སྒོར་བཞི་བཅུ་ནས་སྒོར་བཞི་བར་མར་ཆག་པ་སྟེ་རིམས་འགོག་མ་རྩ་ཚད་ཆེན་པོས་མར་འགྲིབ་པ་བྱུང་། དུས་ལྟར་འགོག་ཁབ་ཉོ་སྒྲུབ་དང་འགོག་ཁབ་རྒྱག་པའི་རིན་པ་སྤྲད་ནས་རིམས་འགོག་སྨན་ཁབ་རྒྱག་པའི་རིན་གོང་ལུགས་མཐུན་སྒོས་མཐོར་འདེགས་བཏང་བ་དང་དམངས་ཡོངས་ལ་རིན་མེད་ངང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་རྒྱག་པར་འགན་སྲུང་བྱས་པ་དང་ཁྱོན་སྡོམ་འགོག་ཁབ་ཉོ་སྒྲུབ་རིན་གོང་སྒོར་དུང་ཕྱུར་ལྔ་དང་བྱེ་བ་དྲུག་ས་ཡ་གཅིག་བཀོལ་བ་དང་འགོག་ཁབ་རྒྱབ་པའི་རིན་པར་སྒོར་དུང་ཕྱུར་གཅིག་དང་ས་ཡ་བརྒྱད་བཀོལ།

མི་ཕམ་མགོན་པོས་བསྒྱུར།