མཚོ་སྔོན་གྱིས་ལས་རྨས་ཉེན་ཚབ་ཀྱི་གྲོན་དངུལ་ཇེ་མཐོར་བཏང་། 
2022.09.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་དགུ་པའི་ཚེས་བཅུ་གསུམ་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐིན་དེས་ནོར་སྲིད་ཐིན་དང་མཉམ་དུ་ལས་རྨས་ཉེན་ཚབ་ཀྱི་འབྲེལ་ཡོད་གྲོན་དངུལ་ལེགས་སྒྲིག་བྱེད་པའི་བརྡ་ཐོ་པར་འགྲེམ་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། རྨས་ནས་དབང་བོ་སྐྱོན་ཅན་དུ་གྱུར་མཁན་གྱི་ཁ་གསབ་དང་འཚོ་བའི་བདག་སྐྱོང་གྲོན་དངུལ། གཉོར་སྐྱོང་བྱེད་མཁན་གྱི་གཉེན་ཉེའི་གཟིགས་སྐྱོང་གྲོན་དངུལ་བཅས་ཀྱི་ཚད་གཞི་ཇེ་མཐོར་བཏང་བ་དང་། ཞོར་དུ་ཞིང་ཆེན་ནང་ཁུལ་དུ་ཞག་སྡོད་སྨན་བཅོས་བྱེད་པའི་ལས་རྨས་ཀྱི་བཟའ་བཏུང་ཁ་གསབ་གྲོན་དངུལ་ཚད་གཞི་ལེགས་སྒྲིག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདི་ནི་མཚོ་སྔོན་གྱིས་བསྟུད་མར་ལོ་བཅུ་གཅིག་རིང་ལས་རྨས་ཉེན་ཚབ་ཀྱི་གྲོན་དངུལ་ཆུ་ཚད་ཇེ་མཐོར་བཏང་བ་རེད། ནང་དོན་ལ་རིམ་པ་དང་པོ་ནས་རིམ་པ་དྲུག་པའི་ལས་རྨས་ལས་བཟོ་བའི་ཁ་གསབ་དེ་མི་རེར་ཟླ་རེར་སྒོར་ཉིས་བརྒྱ་དང་བཞི་བཅུ་ཁ་སྣོན་བྱས་པ་དང་། འཚོ་བའི་བདག་སྐྱོང་གྲོན་དངུལ་དེ་འཚོ་བར་རང་འགན་ཁུར་མི་ཐུབ་པའམ་འཚོ་བའི་རང་འགན་ཡོངས་སུ་ཁུར་མི་ཐུབ་པ་སོགས་རིམ་པ་གསུམ་དུ་དགར་ནས། སོ་སོར་ཟླ་རེར་སྒོར་སྟོང་གསུམ་དང་ལྔ་བརྒྱ་བཅུ་གཉིས་དང་། སྒོར་སྟོང་གཉིས་དང་བརྒྱད་བརྒྱ་ཐིག་དགུ། སྒོར་སྟོང་གཉིས་དང་བརྒྱ་དང་བདུན་བཅས་སུ་ལེགས་སྒྲིག་བྱས། གཉོར་སྐྱོང་བྱེད་མཁན་གྱི་གཉེན་ཉེའི་གཟིགས་སྐྱོང་གྲོན་དངུལ་ཟླ་རེར་སྒོར་བརྒྱ་ཁ་སྣོན་བྱས། ལེགས་སྒྲིག་བྱས་རྗེས་དོན་དངོས་སུ་ཐོབ་ཐུབ་པའི་གྲོན་དངུལ་སྟོང་གཅིག་དང་ཉིས་བརྒྱ་རེ་བཞི་ལས་དམའ་བ་དག་ལེགས་སྒྲིག་བྱས་ནས་སྟོང་གཅིག་དང་ཉིས་བརྒྱ་རེ་བཞིར་བསླེབ་པར་བྱེད་པ་དང་། ལས་རྨས་བྱུང་བའི་བཟོ་བ་ཞག་སྡོད་སྨན་བཅོས་བྱེད་པའི་ལས་རྨས་ཀྱི་བཟའ་བཏུང་ཁ་གསབ་གྲོན་དངུལ་དེ་ཉིན་རེར་སྒོར་བཅོ་ལྔ་ནས་ཉེར་ལྔའི་བར་ལེགས་སྒྲིག་བྱས། 


བསོད་ནམས་ཚེ་རིང་གིས་བསྒྱུར།