2022ལོའི་སྟོན་དགུན་དུས་ཀྱི་མཚོ་སྔོན་པོའི་གནས་སྐོར་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ལྗོངས་རྒྱུ་ཁུལ་གྱི་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་དངོས་སུ་སྤེལ་འགོ་བརྩམས།
2022.09.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཟླ་དགུ་པའི་ཚེས་བཅུ་བཞི་ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཚོ་སྐོར་གྲོང་རྡལ་བཞི་རུ། མཚོ་ལྷོ་ཁུལ་དང་མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ལྗོངས་རྒྱུ་ཁུལ་གྱིས་མཉམ་འབྲེལ་སྒོས་མཚོ་སྔོན་གྱི་གནས་སྐོར་མིང་བྱང་གྲགས་ཅན་བསྐྲུན་པ་དང་། མཚོ་སྔོན་པོ་མཛེས་བསྒྱུར་བྱེད་པ་བརྗོད་སྙིང་དུ་བྱས་པའི2022ལོའི་སྟོན་དགུན་དུས་ཀྱི་མཚོ་སྔོན་པོའི་གནས་སྐོར་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་ལྗོངས་རྒྱུ་ཁུལ་གྱི་མཉམ་འབྲེལ་ཁྲིམས་འཛིན་འགུལ་སྐྱོད་སྤེལ་བའི་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཚོ་སྐོར་གྲོང་རྡལ་བཞི་རུ་བསྡུས། བྱ་འགུལ་སྤེལ་བའི་ཉིན་མོ་ནས་བཟུང་། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་གནས་སྐོར་ཚོང་རའི་ཁྲིམས་འཛིན་ཆེད་དོན་འགུལ་སྐྱོད་སྤེལ་ནས། གནས་སྐོར་ཚོང་རའི་ཁྲིམས་འགལ་སྒྲིག་འགལ་སྤྱོད་ཚུལ་ལ་རྡུང་རྡེག་བྱེད་ཚད་ཇེ་ཆེར་གཏོང་བ་དང་། མཚོ་སྔོན་པོའི་གནས་སྐོར་ཚོང་རའི་ཕྱོགས་བསྡུས་བཅོས་སྐྱོང་ལ་སྔར་ལས་ཤུགས་བསྣན་ནས། མཚོ་སྔོན་པོའི་གནས་སྐོར་ཚོང་རའི་སྒྲིག་ལམ་ལེགས་བསྒྱུར་བྱེད་རྒྱུ་རེད།

མཚོ་སྔོན་པོ་ནི་ཀྲུང་གོའི་སྐམ་སའི་ཚྭ་མཚོ་ཆེས་ཆེ་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྒེའུ་ཁུང་གཙོ་བོ་ཡིན་ལ། མཚོ་སྔོན་གྱི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཡང་ཡིན། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གཙོ་བོ་རུ་བྱེད་པ་རྒྱུན་འཁྱོངས་བྱས་ནས། བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་པ་དང་། མཉམ་འབྲེལ་རྐྱེན་སྲོལ་བཙུགས་ལ། ཆེད་དོན་འགུལ་སྐྱོད་སྤེལ་བ་དང་། ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་བས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་བཟང་དུ་སོང་།

འགོ་རྩོམ་མཛད་སྒོ་སྟེང་། མཚོ་སྔོན་པོའི་གནས་སྐོར་ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་བསྒྱུར་བ་དང་བཅོས་སྐྱོང་བྱེད་པའི་འབྲེལ་ཡོད་བྱ་བ་བཀོད་སྒྲིག་བྱས་པ་དང་། དེ་དང་མཉམ་དུ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོ་དང་གཅིག་བསྡུས་སྒོས་གད་སྙིགས་འཐུ་བ་དང་ཁོར་ཡུག་གཙང་སྦྲ་བྱེད་པའི་འགུལ་སྐྱོད་སྤེལ།

རིན་ཆེན་མཚོས་བསྒྱུར།