མཚོ་སྔོན་གྱིས་གསར་དུ་འགན་ཁུར་བའི་ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་བརྒྱད་པ་བསྡུས།
2022.09.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭས་འགན་ཁུར་ནས་བསྒྲུབས་པའི་གསར་དུ་འགན་ཁུར་བའི་ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྐབས་བརྒྱད་པ་ཟླ་དགུ་པའི་ཚེས་བཅུ་བཞི་ཉིན་བསྡུས་པ་དང་། རང་ཞིང་གི་གྲོང་ཁྱེར་དང་ཁུལ་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་གསར་དུ་འགན་ཁུར་བའི་ཐིན་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཉེར་དྲུག་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་གཙོ་བོར་ཏང་གི་གསར་གཏོད་གཞུང་ལུགས་དང་འཐབ་ཇུས་གལ་ཆེན་དང་ཇུས་ཆོད། ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་པ་མཐོར་འདེགས་བཅས་ཁག་གསུམ་ལ་བགོས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རགས་བཤད་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན། ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བའི་པོད་བཞི་པ་སོགས་ཀྱི་ནང་དོན་ལ་སློབ་སྦྱོང་ཟབ་མོ་བྱས་པ་བརྒྱུད་དེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་དགོངས་པའི་ངོ་བོར་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཐད་ཀྱི་རྩ་ཆེ་བའི་ལོ་རྒྱུས་ཉམས་མྱོང་བསྡུ་ལེན་བྱེད་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་ཤན་སྦྱར་བྱེད་པ། འགོ་ཁྲིད་ལས་བྱེད་པའི་གཞུང་ལུགས་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། བསམ་བློའི་སྦྱོང་བརྡར་དང་ཆབ་སྲིད་ཀྱི་སྦྱོང་བརྡར། ཏང་གཤིས་སྦྱོང་བརྡར། ནུས་པའི་སྦྱོང་བརྡར་ལ་ཤུགས་སྣོན་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད་།

གསོ་སྦྱོང་འཛིན་གྲྭས་སློབ་ཁང་ནས་སློབ་ཁྲིད་བྱེད་པ་དང་ཡུལ་དངོས་སློབ་ཁྲིད་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ་དང་། གཅིག་བསྡུས་སློབ་སྦྱོང་དང་རང་སྦྱོང་གཉིས་ཟུང་འབྲེལ་བྱེད་པ། ཕྱོགས་བསྡུས་སྒོས་སློབ་ཁྲིད་བྱེད་པ་དང་བརྗེ་རེས་བྱེད་པ། འཛིན་གྲྭས་བགྲོ་གླེང་བྱེད་པ། བརྙན་རིས་སློབ་ཁྲིད། མྱོང་ཚོར་ཉིན་ཐོ་འབྲི་བ་སོགས་ཀྱི་སློབ་ཁྲིད་བྱེད་སྟངས་སྣ་མང་སྤྱད་པ་དང་། རང་སྦྱོང་དང་ཟུར་ཁྲིད། བགྲོ་གླེང་། བརྗེ་རེས་བྱེད་པ་བརྒྱུད་དེ། སློབ་སྦྱོང་གསོ་སྦྱོང་གི་གྲུབ་འབྲས་བཟང་པོ་ལེན་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།