དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་འཛུགས་སྐྲུན་སྦྲེལ་མཐུད་གང་ལེགས་བྱེད་པར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་སྐྱེ་ཁམས་དོ་དམ་དང་ནགས་ཚལ་ལྗང་སྒྱུར། ཚན་རྩལ་ནུས་སྩོལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་ལས་ཞུགས་ཐབས་ལམ་རྒྱ་བསྐྱེད་པ་དང་། སྔར་ལས་མང་བའི་རོང་འབྲོག་མང་ཚོགས་ལ་སྐྱེ་ཁམས་ཀྱི་ཁེ་ཕན་ཉམས་སུ་མྱོང་དུ་བཅུག
གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྣམ་སྲས་གྲོག་རོང་ཆེན་མོར་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་མགོ་ཁུངས་དོ་དམ་ཨུ་ཡོན་ལྷན་ཁང་གིས་སྐྱེ་ཁམས་མྱོང་རོལ་གནས་སྐོར་བྱ་འགུལ་སྤེལ། གསོ་སྦྱོང་བྱས་པ་བརྒྱུད་ས་དེའི་སྐྱེ་ཁམས་དོ་སྲུང་བས་པར་ཆས་བཀོལ་ནས་པར་ལེན་དང་དམར་ཕྱིའི་འོད་ཀྱི་པར་ཆས་བཀོལ་ནས་ལྟ་ཞིབ་བྱེད་པ་སོགས་ཀྱི་ལག་རྩལ་ཁོང་དུ་ཆུད་དེ། སྐྱེ་ཁམས་མྱོང་རོལ་གྱི་བྱ་འགུལ་སྤེལ་བའི་ཁེ་ཕན་མྱོང་མཁན་ཐོག་མར་གྱུར།
རྣམ་སྲས་གྲོག་རོང་ཆེན་མོར་སྡོད་པའི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་སྐྱེ་ཁམས་དོ་སྲུང་བ་བཀྲ་ཤིས་ཀྱིས་གསོ་སྦྱོང་ལ་བརྟེན་ནས་དམར་ཕྱིའི་འོད་ཀྱི་པར་ཆས་བཀོལ་བའི་ལག་རྩལ་ཁོང་དུ་ཆུད་པ་དང་། གནས་སྐོར་བ་དག་ཁྲིད་དེ་གྲོག་རོང་ཆེན་མོའི་ནང་རི་སྐྱེས་སྲོག་ཆགས་ལ་ལྟ་ཞིབ་བྱེད་པའི་བྱ་འགུལ་སྤེལ་བཞིན་ཡོད་ལ། དེ་ལས་ལོ་ཧྲིལ་བོར་ཡོང་འབབ་མི་ཉུང་བ་ཐོབ་ཀྱིན་ཡོད།
རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོའི་འབྲེལ་ཡོད་འགན་ཁུར་བས་མཚམས་སྦྱོར་བྱས་དོན། མིག་སྔར་རྣམ་སྲས་ཡུལ་ཚོའི་སྐྱེ་ཁམས་དོ་སྲུང་བའི་ལས་གནས་སྤྱི་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱུང་ཡོད། མི་རེར་ཆ་སྙོམས་ཀྱི་ཟླ་ཕོགས་ཟླ་རེར་སྒོར་སྟོང་གཅིག་དང་བརྒྱད་བརྒྱ་ཡིན་ལ། བསྡོམས་པས་ཁྱིམ་ཚང་སྟོང་གཅིག་དང་ལྔ་བརྒྱ་ལྷག་དེའི་ནང་བཞག་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་འབྲོག་དམངས་ཀྱིས་ཚོང་གཉེར་བར་སྐུལ་མ་བཏང་བའི་རྗེས་སུ། ཡུལ་ཚོས་མང་ཚོགས་རྩ་འཛུགས་བྱས་ཏེ་བཟའ་བཏུང་དང་ཞག་སྡོད། གནས་ཤན་སོགས་ཀྱི་ཞབས་ཞུའི་རྣམ་གྲངས་སྤེལ་ཏེ། འབྲོག་པ་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་བ་རེད།
ད་ལོར། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་མུ་མཐུད་དུ་ནགས་ཚལ་སྐྱེ་ཁམས་ཕན་ནུས་ཀྱི་ཁ་གསབ་དང་རང་བྱུང་ནགས་ཚལ་གྱི་དོ་དམ་ཁ་གསབ། རྨོ་སྐྱུར་ནགས་འཛུགས་རྩྭ་འདེབས་ཀྱི་ཁ་གསབ། བརླན་སའི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སོགས་སྲིད་ཇུས་དངོས་འབེབས་བྱས་ཏེ། རོང་འབྲོག་ཁྱིམ་ཚང་གི་ཡོང་འབབ་ཇེ་མང་དུ་བཏང་། ད་ལོའི་ལོ་སྟོད་དུ་དོ་སྲུང་བའི་ཟླ་ཕོགས་དང་རིགས་སྣ་ཚོགས་ཀྱི་སྐྱེ་ཁམས་ཁ་གསབ་མ་དངུལ་བྱིན་པ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བདུན་ལ་བསླེབས་ཡོད། མིག་སྔར་མཚོ་སྔོན་གྱི་སྐྱེ་ཁམས་དོ་སྲུང་བའི་ལས་གནས་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་ལ་བསླེབས་ཡོད་པ་དང་། སྐྱེ་ཁམས་ཁོར་ཡུག་གི་འཛུགས་སྐྲུན་དང་སྲུང་སྐྱོབ་ལ་ཞུགས་པའི་བརྒྱུད་རིམ་ཁྲོད། རོང་འབྲོག་མང་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་བརླན་ས། རྩྭ་ཐང་སོགས་རང་བྱུང་སྐྱེ་ཁམས་མ་ལག་གི་དོ་སྲུང་ཐད་ནུས་པ་གལ་ཆེན་བཏོན་ཡོད་ལ། སྐྱེ་ཁམས་ཀྱི་ཁེ་ཕན་ཡང་ཉམས་སུ་མྱོང་བཞིན་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།