སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་སྤྱི་འབོར་འཕར་སྣོན་ལ་རོགས་འདེགས་བྱས་ཏེ་ཐོན་ལས་གསལ་བོ་ཡིན་པ་དང་འཕེལ་རྒྱས་ཀྱི་མདུན་ལྗོངས་བཟང་བ། ཡོང་སྒོ་གཏན་འཇགས་ཡིན་པའི་ཐུན་མོང་དཔལ་འབྱོར་གྱི་དཔེ་སྟོན་སྡེ་བ་སྐོར་ཞིག་འཛུགས་སྐྲུན་བྱེད་ཆེད། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གིས་ཏང་འཛུགས་ཀྱིས་སྣེ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་མང་པོ་བརྒྱུད་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གསར་སྐྲུན་དང་འཕེལ་རྒྱས་སུ་བཏང་།
བྱ་བའི་ཁྲོད་དུ། ཀོས་ནན་རྫོང་གིས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་རྒྱུ་ཁྲིད་ཕྱོགས་སུ་བྱས་པ་དང་། སྡེ་བ་གཙོ་བོ་སོ་གསུམ་ལ་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་བྱ་བའི་རུ་མི་གོ་དགུ་གདམ་མངག་བྱས་ཏེ་ལས་སྒོར་མཛུབ་སྟོན་བྱས་པར་མ་ཟད། འདེམ་སྐོང་སློབ་མ་དགུ་བསྡུ་ལེན་དང་གྲོང་གསེབ་དར་སྤེལ་མཛུབ་སྟོན་པ་བཞི་བཅུ་མངག་གཏོང་བྱས་ཏེ་གཞི་རིམ་གྱི་བྱ་བའི་སྟོབས་ཤུགས་ཁ་གསབ་བྱས་པ་དང་། ཆབ་སྲིད་གཞུང་ལུགས་ཆུ་ཚད་དང་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་མཐོར་བཏང་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བ་སོ་སོ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་སྐུལ་སློང་བྱས་ཏེ་སྡེ་བ་རིམ་པའི་ཐུན་མོང་མ་རྩ་དང་ཐོན་ཁུངས་ལ་གཅིག་བསྡུས་གཙང་བཤེར་ཐོ་འགོད་བྱས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཡི་འགོ་ཁྲིད་པས་ཐོན་ཁུངས་གསར་སྤེལ་ཅན་དང་མ་རྐང་མཉམ་ལས་ཅན་སོགས་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱེད་པར་སྐུལ་ཁྲིད་བྱས་ཏེ་མ་རྐང་མཉམ་ལས་དང་ཞིང་ཕྱུགས་མཉམ་ལས་གཙོ་ཡིན་པའི་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་ཡོད།
དེ་དང་མཉམ་དུ། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་འགན་འཁྲིར་ཟུང་འབྲེལ་བྱས་ཏེ་འགོ་ཁྲིད་ཚན་ཁག་འཛུགས་སྐྲུན་དང་འཕེལ་རྒྱས་འཆར་འགོད། འཇོན་མི་གསོ་སྐྱོང་། མ་དངུལ་རྒྱབ་སྐྱོར་སོགས་ཐད་འགན་ལེན་འབྲེལ་འདྲིས་བྱས་པའི་ཐུན་མོང་དཔལ་འབྱོར་ལས་གཞིར་ཁ་གཏད་རོགས་སྐྱོར་བྱས་པ་དང་། ཞིང་ལས་རྟེན་གཞི་དང་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་གཞི་གསར་འཛུགས་བྱེད་པར་མཛུབ་སྟོན་དང་རོགས་འདེགས་བྱས་ཏེ་བརྟན་འཇགས་ཀྱི་སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོའི་ཁུངས་གྲུབ་པར་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།