མཚོ་སྔོན་གྱི་ཁེ་ལས་བཞི་དང་བཟོ་ལས་ར་བའི་ཁུལ་གཅིག་ལ་རྒྱལ་ཡོངས་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་དཔེ་སྟོན་ཁེ་ལས་དང་བཟོ་ལས་ར་བའི་མིང་བཏགས།
2022.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཁབ་ཀྱི་ངལ་རྩོལ་འབྲེལ་བར་མཐུན་སྦྱོར་བྱེད་པའི་ཕྱོགས་གསུམ་གྲོས་ཚོགས་ཀྱིས་རྒྱལ་ཡོངས་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་དཔེ་སྟོན་ཉམས་མྱོང་བརྗེ་རེས་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། ཚོགས་ཐོག་ཏུ་རྒྱལ་ཡོངས་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་དཔེ་སྟོན་ཁེ་ལས་དང་བཟོ་ལས་ར་བའི་ཁུལ་གྱི་མིང་འདོགས་པའི་གཏན་ཁེལ་སྒྲོག་འདོན་བྱས་པ་དང་། རང་ཞིང་གིས་ངོ་སྤྲོད་བྱས་པའི་ཁེ་ལས་བཞི་དང་བཟོ་ལས་ར་བའི་ཁུལ་གཅིག་ལ་རྒྱལ་ཡོངས་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་ཀྱི་དཔེ་སྟོན་ཁེ་ལས་དང་བཟོ་ལས་ར་བའི་ཁུལ་གྱི་མིང་བཏགས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་རང་ཞིང་གི་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་དཔེ་སྟོན་བྱ་འགུལ་བཟང་བོར་སྤེལ་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་སྤྱིའི་བཟོ་ཚོགས། ཞིང་ཆེན་ཁེ་ལས་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་བཅས་ཞིང་ཆེན་གྱི་ངལ་རྩོལ་འབྲེལ་བར་མཐུན་སྦྱོར་བྱེད་པའི་ཕྱོགས་གསུམ་གྲོས་ཚོགས་ཀྱི་ཁོངས་གཏོགས་སྡེ་ཁག་ཡིན་པའི་ཆ་ནས། ཕན་ཚུན་གྲོས་མོལ་དང་གཞོགས་འདེགས་དམ་ཟབ་བྱས་པ་དང་། མཉམ་དུ་བྱ་འགུལ་སྤེལ་ལ། དུས་ཚོད་གོ་རིམ་དང་སྤེལ་ཚད་ཁོང་དུ་ཆུད་པར་བྱས་པ་མ་ཟད། དཔྱད་འདེམ་ཚད་ལྡན་ཡིན་པ་དང་འགག་སྒོ་དམ་སྲུང་བྱེད་པ། བཟང་བོའི་ཁྲོད་ནས་ལེགས་པོ་འདེམ་པའི་ཚད་གཞི་ལྟར། རང་ཞིང་གི2019ལོའི་འཆམ་མཐུན་ངལ་རྩོལ་འབྲེལ་བ་གསར་འཛུགས་བྱ་འགུལ་ཁྲོད་ཀྱི་གྲུབ་འབྲས་འབུར་ཐོན་ཡིན་པ་དང་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཁེ་ལས་དང་བཟོ་ལས་ར་བའི་ཁུལ་ཁྲོད་ནས་ལེགས་པོ་བདམས་ནས་ངོ་སྤྲོད་བྱས་པ་དང་མཉམ་དུ། ཁེ་ལས་ཀྱི་གཞི་ཁྱོན་དང་ལས་རིགས་རིགས་སྣའི་སྣ་མང་རང་བཞིན་ལ་ལྟ་རྟོག་བྱས་པ་དང་། དཔྱད་འདེམ་གྱི་ཚད་གཞི་དང་བརྒྱུད་རིམ་ཇེ་དམ་དུ་བཏང་སྟེ། ཆུའུ་དང་རྫོང་། གྲོང་ཁྱེར་དང་ཁུལ་གྱི་ངལ་རྩོལ་འབྲེལ་བར་མཐུན་སྦྱོར་བྱེད་པའི་ཕྱོགས་གསུམ་གྱིས་རིམ་པ་བཞིན་ངོ་སྤྲོད་དང་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། ཞིབ་དཔྱད་དང་ཡོངས་བསྒྲགས་བྱས་ལ། ཞིང་ཆེན་ངལ་རྩོལ་འབྲེལ་བར་མཐུན་སྦྱོར་བྱེད་པའི་ཕྱོགས་གསུམ་གྱིས་ཡང་བསྐྱར་ཞིབ་དཔྱད་བྱས་པ་མ་ཟད་ཡོངས་བསྒྲགས་བྱས་རྗེས་རྒྱལ་ཁབ་ཕྱོགས་གསུམ་གསར་འཛུགས་དཔེ་སྟོན་བྱ་བའི་གཞུང་སྒྲུབ་ཁང་ལ་ཡར་ཞུ་བྱས་ནས་ཞིབ་དཔྱད་གཏན་ཁེལ་བྱས། 

རིན་ཆེན་མཚོས་བསྒྱུར།