མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོགས་ཚོགས་བསྡུས།
2022.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲ་རྒྱ་དང་ཆ་འཕྲིན་གཞུང་སྒྲུབ་ཁང་དང་། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་སྐུལ་སྤེལ་གྲོས་ཚོགས་བསྡུས་ཏེ། ཉམས་མྱོང་གྲུབ་འབྲས་སྤྱི་སྡོམ་དང་གོ་རིམ་རྗེས་མའི་བྱ་བ་གལ་ཆེན་ལ་ཞིབ་འཇུག་དང་འཆར་འགོད་བྱས་ལ། བསམ་བློ་ངོས་འཛིན་སྔར་ལས་གཅིག་གྱུར་ཡོང་བར་བྱས་ནས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་བྱ་བའི་མཉམ་ཤུགས་གཅིག་བསྡུ་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ལས་རིགས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལ་དམིགས་ཏེ། ལམ་ལུགས་རྐྱེན་སྲོལ་འཐུས་ཚང་དང་ནང་དོན་ཕུན་སུམ་ཇེ་ཚོགས། བྱེད་ཐབས་དང་སྒྲུབ་སྟངས་གསར་གཏོད་བྱེད་པ་དང་། དཔལ་ཡོན་དྲ་རྒྱ་འཛུགས་པ་དང་། དྲ་རྒྱ་ཚུལ་ལྡན་བྱེད་སྤྱོད་བྱེད་པ། དྲ་བར་ལུགས་མཐུན་ངང་ཞུགས་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ནུས་ཤུགས་ཡོད་དགུས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་དེ་དཀྱིལ་སྙིང་ལས་འགན་དུ་བརྩི་བ་དང་། དྲ་རྒྱའི་དཔལ་ཡོན་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་དགོས་ལ། དྲིལ་སྒྲོག་བྱེད་ཐབས་གསར་གཏོད་བྱས་ཏེ་ཏང་གི་གསར་གཏོད་གཞུང་ལུགས་ཁྱིམ་ཚང་ཀུན་ལ་ཁྱབ་པར་བྱེད་དགོས། དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་རྫོང་རིམ་པའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་མཉམ་བསྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། དྲ་རྒྱའི་དཔལ་ཡོན་ལག་ལེན་གྱི་དང་བླངས་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་དང་། སྨྱན་བྱད་ཀྱི་ཁྱད་ལྡན་ཞབས་ཞུའི་ཚོང་རྟགས་གསར་སྐྲུན། དྲ་ཐོག་བསམ་པའི་དཔལ་ཡོན་དྲིལ་སྒྲོག་སོགས་འཚོལ་ཞིབ་གང་ལེགས་བྱས་ནས། དྲ་དམངས་ཀྱིས་བལྟ་འདོད་ཉན་འདོད་ཡོད་པའི་དྲ་རྒྱའི་རིག་རྩལ་སྤུས་ལེགས་གང་མང་གསར་སྐྲུན་བྱེད་དགོས།  མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉེར་གཉིས་ལོའི་དྲ་རྒྱའི་སྐྱེ་ཁམས་བཅོས་སྐྱོང་བྱེད་པའི་མུ་འབྲེལ་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ཏེ། བརྙན་ཐུང་དང་ཐད་གཏོང་མི་ལེགས་པ་དང་། དྲ་བར་མགོ་འཐོམས་པ། དྲ་རྒྱའི་དྲག་ཤུགས་སོགས་ཀྱི་འབུར་ཐོན་གནད་དོན་དག་ཐེར་བྱེད་རྒྱུ་རེད།

གྲོས་ཚོགས་ལས2022ལོའི་མཚོ་སྔོན་ཞིང་ཆེན་གྱི་དཔེ་བཟང་དྲ་དམངས་དུ་བདམས་ཐོན་བྱུང་མཁན་ལ་གཟེངས་བསྟོད་བྱས། དབྱང་ཡོའེ་དང་། ཀྲང་ཆིན་སོགས་མི་ཉེར་ལྔ་བདམས་ཐོན་བྱུང་།

                                                                                            རིག་འཛིན་སྒྲོལ་མས་བསྒྱུར།