མཚོ་སྔོན་གྱི་གྲོང་གསེབ་སྡོད་དམངས་འབུམ་བཞི་དང་ཁྲི་བརྒྱད་ཀྱི་གཞི་རྩའི་རྒན་གསོ་ཉེན་སེལ་མ་དངུལ་ཡང་བསྐྱར་མཐོར་འདེགས་བཏང་།
2022.09.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དགུ་བའི་ཚེས་ཉེར་གཅིག་ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་གཉིས་ཀྱིས་ཉིས་སྟོང་ཉེར་གཉིས་ལོར་རང་ཞིང་གི་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་སེལ་རྨང་གཞིའི་རྒན་གསོའི་མ་དངུལ་ཚད་གཞི་ཇེ་མཐོར་གཏོང་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་ཉེན་སེལ་རྨང་གཞིའི་རྒན་གསོའི་ཚད་གཞི་ལེགས་སྒྲིག་བྱེད་རྒྱུ་ཐག་བཅད།

བྱེ་བྲག་སྒོས་ལེགས་སྒྲིག་བྱེད་པའི་ཚད་གཞི་ནི། ལོ་དྲུག་ཅུ་ནས་ལོ་རེ་བཞིའི་བར་གྱི་འཚོ་བའི་ཐོབ་ཐང་ལེན་པའི་མི་སྣའི་རྨང་གཞིའི་རྒན་གསོ་མ་དངུལ་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་བརྒྱ་དང་བརྒྱད་ཅུ་ནས་སྒོར་བརྒྱ་དང་གྱ་ལྔར་ཇེ་མཐོར་གཏོང་རྒྱུ་ཡིན་པ་དང་། ལོ་རེ་ལྔ་ནས་ལོ་རེ་དགུ་བར་གྱི་འཚོ་བའི་ཐོབ་ཐང་ལེན་པའི་མི་སྣའི་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་བརྒྱ་དང་གྱ་ལྔ་ནས་སྒོར་བརྒྱ་དང་གོ་ལྔ་ལ་ཇེ་མཐོར་གཏོང་རྒྱུ། ལོ་བདུན་ཅུ་དང་དེའི་ཡན་གྱི་འཚོ་བའི་ཐོབ་ཐང་ལེན་པའི་མི་སྣའི་རྨང་གཞིའི་རྒན་གསོ་མ་དངུལ་གྱི་ཚད་གཞི་དེ་མི་རེར་ཟླ་རེར་སྒོར་བརྒྱ་དང་དགུ་བཅུ་ནས་བརྒྱ་དང་གོ་ལྔ་ལ་ཇེ་མཐོར་གཏོང་རྒྱུ་རེད།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།