ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་གིས་འགན་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་དམངས་གཙོ་ཏང་ཁག་གི་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ཞིང་ཆེན་སྤྱི་ཚོགས་རིང་ལུགས་སློབ་གླིང་དུ་བསྡུས། རང་ཞིང་གི་དམངས་གཙོ་ཏང་ཁག་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་གྱི་དམངས་གཙོ་ཏང་ཁག་རྩ་འཛུགས་ཀྱི་འགན་ཁུར་མི་སྣ་ལྔ་དང་རྗེས་གྲབས་ལས་བྱེད་པ་བཅས་བསྡོམས་པས་མི་བཞི་བཅུ་གསོ་སྦྱོང་ལ་ཞུགས།
ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་རང་ཞིང་གི་དམངས་གཙོ་ཏང་ཁག་ལྔའི་ཞིང་ཆེན་རིམ་པའི་རྩ་འཛུགས་སྐབས་བརྗེ་བྱས་རྗེས། དམངས་གཙོ་ཏང་ཁག་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། དམངས་གཙོ་ཏང་ཁག་གི་རྐང་འཛིན་ཁོངས་མིའི་ཆབ་སྲིད་གཞུང་ལུགས་ཆུ་ཚད་མཐོར་འདེགས་གཏོང་ཆེད་བསྡུས་པ་དང་། གསོ་སྦྱོང་སྐབས་སུ། གསོ་སྦྱོང་ལ་ཞུགས་པའི་མི་སྣ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་ཞེས་པའི་པོད་བཞི་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག་དང་ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་བྱ་བའི་སྲོལ་ཡིག དམངས་གཙོ་ཏང་ཁག་གི་ཁོངས་མིའི་སྲིད་གཞུང་སྲིད་གླེང་གཞུང་ལུགས་དང་ལག་ལེན་སོགས་ནང་དོན་ལ་སློབ་སྦྱོང་ཟབ་མོ་བྱེད་རྒྱུ་རེད། གསོ་སྦྱོང་འཛིན་གྲྭས་གཙོ་བོར་གཅིག་བསྡུས་སྒོས་སློབ་ཁྲིད་བྱེད་པ་དང་དཔེ་གཞི་སློབ་ཁྲིད། ཚན་ཆུང་བགྲོ་གླེང་དང་སྣང་ཚུལ་ལད་ཟློས་སོགས་རྣམ་པ་སྤྱོད་པ་དང་། རང་ཉིད་ཀྱིས་བལྟ་བ་དང་མི་གཞན་པས་བཤད་པ། ཚང་མས་བགྲོ་གླེང་བྱེད་པ། ཡང་བསྐྱར་བསམ་གཞིགས་གཏོང་བའི་སློབ་ཁྲིད་བྱེད་ཐབས་བརྒྱུད་དེ། སློབ་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གཞུང་ལུགས་མ་ལག་དང་གཞི་རྩའི་ལྟ་བ། ཚན་རིག་གི་གོ་དོན། ལག་ལེན་རེ་བ་བཅས་ལ་རྒྱུས་ལོན་གཏིང་ཟབ་བྱེད་པར་སྣེ་ཁྲིད་བྱེད་པ་དང་། དམངས་གཙོ་ཏང་ཁག་གི་རྐང་འཛིན་ཁོངས་མིས་ཀྲུང་གོའི་རིགས་གསར་བའི་སྲིད་ཏང་ལམ་ལུགས་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ནས། དམངས་གཙོ་ཏང་ཁག་གི་འགན་སྒྲུབ་ནུས་པ་ལྔ་མཐོར་འདེགས་གཏོང་བའི་ཐད་བསམ་བློ་དང་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།