མཚོ་སྔོན་གྱིས་བཟོ་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ཏེ་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁག་ཐེག་བྱས།
2022.10.02 ཁུངས། ཀློག་གྲངས། 18

ཟླ་དགུ་པའི་ཚེས་ཉེར་བདུན་ཉིན། གསར་འགོད་པས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གསར་དུ་འཕར་པ་དང་། གསོག་འཇོག་གི་ཚད་ལེགས་པ་མངོན་འགྱུར་ཡོང་ཆེད། རང་ཞིང་གི་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ཕྱོགས་གཅིག་ནས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཀྱི་ཁྱབ་ཚུལ་དམ་འཛིན་དང་། ཕྱོགས་གཅིག་ནས་སྲོལ་རྒྱུན་ཐོན་ལས་རིམ་འཕར་ལ་ཤུགས་བསྣན་ནས། ཐོན་ལས་ཀྱི་གནས་བཞི་གཙོ་བོ་ཡིན་པའི་ལྗང་མདོག་ཐན་ཉུང་འཁོར་རྒྱུག་གི་དཔལ་འབྱོར་འཕེལ་རྒྱས་མ་ལག་འཛུགས་སྐྲུན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁག་ཐེག་བྱས།

ལག་རྩལ་བཅོས་སྒྱུར་ལ་ཤུགས་བསྣན་ནས་བཟོ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་ཆེད། རང་ཞིང་གིས་ཞིང་ཆེན་རིམ་པའི་ནུས་ཁུངས་གྲོན་ཆུང་གི་ཆེད་སྤྱོད་མ་དངུལ་བཀོད་སྒྲིག་བྱས་ནས། རྣོ་ལྕགས་དང་བཟོ་སྐྲུན་རྒྱུ་ཆ། མདོག་ལྡན། རྡོ་ཆས་སོགས་ཁྱབ་ཁོངས་གཙོ་བོའི་ཁེ་ལས་སོ་དྲུག་ལ་ནུས་ཁུངས་གྲོན་ཆུང་དང་ཐན་ཉུང་གི་ལག་རྩལ་སྒྱུར་བཅོས་བྱས་ནས། བཟོ་ལས་ཁྱབ་ཁོངས་ཀྱི་ལས་རིགས་སོ་སོའི་ནུས་ཁུངས་གྲོན་ཆུང་དང་ལྗང་མདོག་ཚུལ་སྒྱུར་གོམ་སྟབས་བརྟན་པོས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་བཏང་།

རིག་ནུས་ཅན་གྱི་སྒྱུར་བཀོད་ལ་བརྟེན་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་ཞིང་གིས་ཆེད་སྤྱོད་མ་དངུལ་བཀོལ་ནས། ཁེ་ལས་སྡེ་ཁག་གང་མྱུར་སྒོས་གཞི་གྲངས་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་སྒྱུར་བཀོད་བྱས་ནས། ཁེ་ལས་རིག་ནུས་ཅན་གྱི་སྒྱུར་བཀོད་ལམ་ཆེན་ཡངས་པོར་ཕྱེས་པས། བཟོ་ལས་དང་ཁེ་ལས་ཀྱི་གཞི་གྲངས་ཅན་གྱི་སྒྱུར་བཀོད་ཀྱི་ཁེབས་ཚད་མཐོར་འདེགས་བྱུང་བ་མ་ཟད། ཐོན་ལས་གཞི་གྲངས་ཅན་དང་གཞི་གྲངས་ཐོན་ལས་ཅན་གྱི་རིམ་འཕར་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་བཏང་།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།