གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་པ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་པོའི་བཞུར་རྒྱུད་དུ་སྐྱེ་ཁམས་ཚད་ལེན་ས་ཚིགས་རིགས་སུམ་བརྒྱ་ལྷག་བཙུགས་ཡོད། སྐྱེ་ཁམས་གནས་ཐིག་གཏན་ཁེལ་ཚད་ལེན་ཕྱོགས་བསྡུས་ས་ཚིགས་དང་། ཆེད་ལས་གནས་ཐིག་གཏན་འཁེལ་ཚད་ལེན་ས་ཚིགས། བཟོ་སྐྲུན་རྗེས་འདེད་ཚད་ལེན་ས་ཚིགས། ཆེད་ལས་རྒྱང་ལྟ་ཚད་ལེན་ས་ཚིགས་སོགས་གཙོ་བྱས་ཏེ། འོས་འཚམ་གྱིས་འཁོར་རྒྱུགས་བྱེད་པའི་སྐྱེ་ཁམས་ཚད་ལེན་ས་ཚིགས་ཀྱི་མ་ལག་ཅིག་གྲུབ་ནས། མཚོ་སྔོན་པོའི་བཞུར་རྒྱུད་དུ་སྐྱེ་ཁམས་ཁོར་ཡུག་ཚད་ལེན་གྱིས་ཡོངས་སུ་ཁེབས་རྒྱུ་མངོན་འགྱུར་བྱུང་ཡོད།
ཉེ་བའི་ལོ་བཅུའི་སྐྱེ་ཁམས་ཞིབ་དཔྱད་ཚད་ལེན་གྱི་མཇུག་འབྲས་ལས་གསལ་པ་ལྟར་ན། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་གནམ་གཤིས་དྲོད་གཤེར་ཅན་དུ་གྱུར་ཡོད་པ་དང་། བཞུར་རྒྱུད་ཀྱི་མཚེའུ་དང་བརླན་སའི་རྒྱ་ཁྱོན། ཆུའི་ཐོན་ཁུངས་བཅས་འཕར་སྣོན་བྱུང་ཡོད་པ་མ་ཟད། ཁུལ་ཁོངས་ཁོར་ཡུག་གི་མཁའ་དབུགས་དང་། ཆུའི་གནས་ཚད། འཐུང་ཆའི་འགོ་ཁུངས་ཀྱི་ཁོར་ཡུག་སྤུས་ཚད་སོགས་ཁོར་ཡུག་བྱེད་ནུས་ཁུལ་གྱི་དམིགས་ཚད་དུ་སླེབས་ནས། བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་རིམ་པ་ལེགས་པའི་ཚད་ཐིག་ཏུ་སླེབས་ཤིང་། སྐྱེ་ཁམས་མ་ལག་གི་རིགས་དང་། སྐྱེ་ཁམས་ཁོར་ཡུག་གི་གནས་བབ་སོགས་ཚང་མ་བརྟན་འཇགས་ཀྱི་ཁྲོད་ནས་བཟང་ཕྱོགས་སུ་འཕེལ་རྒྱས་འབྱུང་བཞིན་མཆིས།
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།