མཚོ་སྔོན་ཞིང་ཆེན་གྱིས་ཆུའི་བདེ་འཇགས་འགན་སྲུང་མ་ལག་ཆ་ཚང་འཛུགས་སྐྲུན་བྱས།
2022.10.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

གསར་འགོད་པས་ཉེ་སྔོན་མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་ཆུ་བེད་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་ཆུ་བེད་འཆར་འགོད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། ཆུ་བེད་ཐད་ཀྱི་དངུལ་གཏོང་ཚད་ཆེར་བཏང་ལ། ཆུ་བེད་ཐད་ཀྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་སྤེལ་ནས། ཞིང་ཆེན་ཡོངས་ཀྱི་ཆུའི་བདེ་འཇགས་འགན་སྲུང་མ་ལག་ཆ་ཚང་འཛུགས་སྐྲུན་བྱས།

ལོ་བཅུའི་རིང་ལ། རང་ཞིང་གིས་བསྡོམས་པས་རིགས་མི་འདྲ་བའི་ཆུ་བེད་འཆར་འགོད་སུམ་ཅུ་ལྷག་སྒྲིག་བཟོ་བྱས་ནས། ཕྱོགས་བསྡུས་འཆར་འགོད་རྩ་འཛིན་དུ་བྱས་པ་དང་། ཆུ་བེད་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་དང་ཆེད་དོན་འཆར་འགོད་སྣ་ཚོགས་འདེགས་སྐྱོར་དུ་བྱས་པའི་འཆར་གཞི་མ་ལག་གྲུབ་པར་བྱས། ལྷག་པར་དུ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཚུན་དུ། ཀྲུང་ཧྭའི་ཆུ་མཛོད་ཀྱི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་འཆར་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ཆུའི་བདེ་འཇགས་འགན་སྲུང་འཆར་གཞི། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུའི་བདེ་འཇགས་འགན་སྲུང་འཆར་གཞི་སོགས་འཆར་འགོད་གཙོ་བ་དང་ཆེད་དོན་འཆར་གཞི་བཅུ་གཅིག་འཕྲོ་རིམ་འཕྲོར་འགྲེམ་སྤེལ་ལག་བསྟར་བྱས་ནས། རིམ་གྲས་ཆ་སྡེབས་དང་སྦྲེལ་མཐུན་རིམ་ལྡན། མ་ལག་ཆ་ཚང་བའི་མཐོ་རིམ་ཇུས་འགོད་གྲུབ་པར་བྱས།

ཆུ་བེད་དངུལ་གཏོང་སྔར་ལས་གཏན་འཇགས་དང་སྣ་མང་ཡིན་པ་དང་། རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ནས་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་བཞི་བཏང་བ་དང་། དེ་སྔོན་ཆད་ཀྱི་ལོ་བཅུ་ལས་ལྡབ་གཉིས་དང་གྲངས་ཆུང་དགུ་ཡིས་ཇེ་མང་དུ་སོང་ནས། ཆུ་བེད་ལས་གཞི་འཛུགས་སྐྲུན་ཐད་ཀྱི་དགོས་མཁོ་ལ་འགན་སྲུང་བྱས། ཆུ་བེད་ཐད་ཀྱི་དངུལ་གཏོང་དངུལ་བསྲེས་སྒྲིག་གཞི་བཅོས་བསྒྱུར་སྤེལ་བ་དང་། ཕྱོགས་གཉིས་ནས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ལ། སྲིད་དངུལ་མཉམ་ལས་ལ་ཤུགས་བསྣན་པ་དང་། སྲིད་གཞུང་དང་སྤྱི་ཚོགས་མ་རྩའི་མཉམ་ལས་མ་དཔེ་གྲུབ་པར་བྱས་ཤིང་། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་དང་སྲིད་ཇུས་རང་བཞིན་གྱི་དངུལ་རྩའི་མ་དངུལ་བརྩོན་ལེན་བྱས་པ་དང་། ཆུ་བེད་དངུལ་གཏོང་ལམ་བུ་རྒྱུན་མ་ཆད་པར་རྒྱ་སྐྱེད་དེ། ཆུ་བེད་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་བཏང་། ལོ་བཅུའི་རིང་ལ། དངུལ་ཁང་གི་དངུལ་བུན་གཏོང་བ་དང་ཆེད་སྤྱོད་བུན་འཛིན་སྤེལ། སྤྱི་ཚོགས་མ་རྩ་ནང་འདྲེན་བྱེད་པ་སོགས་བརྒྱུད་དེ་ཆུ་བེད་འཛུགས་སྐྲུན་ཐད་ཀྱི་མ་དངུལ་གཏོང་ཚད་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་གཅིག་བྱེ་བ་དྲུག་ས་ཡ་བདུན་ལ་སླེབས།

རིན་ཆེན་མཚོས་བསྒྱུར།