རྒྱུས་ལོན་པ་ལྟར་ན། སྔོན་མའི་ཟླ་བ་བརྒྱད་ཀྱི་ནང་། མཚོ་སྔོན་ཞིང་ཆེན་གྱིས་སྤྱིར་བཏང་གི་ཚོང་ལས་ཕྱིར་གཏོང་ནང་འདྲེན་བྱས་ཚད་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བརྒྱད་བྱེ་བ་བཞི་རུ་སླེབས་ནས། བརྒྱ་ཆའི་ང་དགུ་ལྷག་འཕར་སྣོན་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་དང་ནང་འདྲེན་གྱི་སྤྱིའི་རིན་འབོར་གྱི་བརྒྱ་ཆའི་གོ་བརྒྱད་གྲངས་ཆུང་དྲུག་ཟིན། དེའི་ཁྲོད་ཕྱིར་གཏོང་བྱས་པའི་ཚད་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བྱེ་བ་གཅིག་ཡིན་ལ། ལོ་སྔོན་མ་ལས་ལྡབ་གཅིག་གིས་འཕར། ནང་འདྲེན་གྱི་ཚད་སྒོར་དུང་ཕྱུར་གཅིག་དང་བྱེ་བ་གསུམ་ལ་སླེབས་ཤིང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་བཅོ་ལྔ་གྲངས་ཆུང་ལྔ་འཕར་ཡོད། དུས་མཉམ་དུ། སྒོ་ཁྲལ་དམིགས་བསལ་ལྟ་སྐུལ་ཁུལ་དུ་དངོས་ཟོག་འཁོར་རྒྱུག་གི་ཚད་དེ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་བཞི་དང་ཁྲི་ལྔ་སྟོང་གཉིས་ལ་སླེབས་ཤིང་། ད་ནིང་གི་དུས་མཉམ་ལས་ཕྱིར་གཏོང་ནང་འདྲེན་ཅི་ཡང་བྱས་མེད། གྲུབ་འབྲས་ཡོད་པའི་ཁེ་ལས་ཁག་ཅིག་རིམ་གྱིས་ཇེ་མང་དུ་ཕྱིན་ལ། རིགས་སོ་སོའི་ཁེ་ལས་གཙོ་བོ་དག་ཆ་སྙོམས་ཀྱིས་རིམ་འཕར་འབྱུང་བཞིན་འདུག དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བྱེ་བ་དགུ་ལ་སླེབས་ནས། བརྒྱ་ཆའི་བཞི་བཅུ་ལྷག་འཕར་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་འབོར་ལས་བརྒྱ་ཆའི་ང་ལྔ་གྲངས་ཆུང་གཉིས་ཟིན་ཡོད། རྒྱལ་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བཞི་རུ་སླེབས་ཡོད་ཅིང་། འཕར་ཚད་བརྒྱ་ཆའི་གྱ་གཅིག་གྲངས་ཆུང་བཞི་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་འབོར་ལས་བརྒྱ་ཆའི་ཞེ་གསུམ་གྲངས་ཆུང་གཅིག་ཟིན། ཕྱི་ཕྱོགས་ཚོང་ལས་དངུལ་གཏོང་གི་ཚད་དེ་སྒོར་བྱེ་བ་ལྔ་དང་ས་ཡ་ལྔ་འབུམ་ལྔ་ཁྲི་ལྔ་སྟོང་བརྒྱད་ལ་སླེབས་ཤིང་། འཕར་ཚད་ལྡབ་གཅིག་དང་གྲངས་ཆུང་གཉིས་རེད།
སྔོན་གྱི་ཟླ་བ་བརྒྱད་ཀྱི་ནང་ལ། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་བདུན་གྱིས་ཕྱིར་གཏོང་དང་ནང་འདྲེན་གྱི་ལས་རིགས་གཉེར་ཡོད། དེའི་ཁྲོད་དུ། ཟི་ལིང་གྲོང་ཁྱེར་གྱིས་ཕྱིར་གཏོང་དང་ནང་འདྲེན་བྱས་པའི་ཚད་དེ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་གསུམ་བྱེ་བ་གཉིས་ལ་སླེབས་ཤིང་། འཕར་ཚད་བརྒྱ་ཆའི་རེ་གཅིག་ཡིན་ལ། ཞིང་ཆེན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་འབོར་ལས་བརྒྱ་ཆའི་བརྒྱད་བཅུ་གྲངས་ཆུང་བདུན་ཟིན་ཡོད། མཚོ་ནུབ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་སྒོར་དུང་ཕྱུར་གསུམ་ཡིན་ལ། འཕར་ཚད་བརྒྱ་ཆའི་དོན་གཉིས་ལྷག་རེད། མཚོ་ཤར་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་ནི་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ཡིན་ལ། ལྡབ་གཅིག་དང་གྲངས་ཆུང་གཅིག་གིས་འཕར་ཡོད། མཚོ་ལྷོ་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་སྒོར་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་གཉིས་ཁྲི་གཉིས་སྟོང་བརྒྱད་ལ་སླེབས་ཤིང་། བརྒྱ་ཆའི་ང་དགུ་གྲངས་ཆུང་ལྔ་ཡིས་མར་འགྲིབ་ཡོད། ཡུས་ཧྲུའུ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་གཅིག་དང་ཁྲི་ལྔ་སྟོང་གསུམ་ཡིན་ལ། ལོ་སྔོན་མ་ལས་བརྒྱ་ཆའི་ང་གསུམ་ལྷག་མར་འགྲིབ། མགོ་ལོག་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་སྒོར་ས་ཡ་དྲུག་དང་འབུམ་གསུམ་ཁྲི་བརྒྱད་ལ་སླེབས་པ་དང་བརྒྱ་ཆའི་ཞེ་བརྒྱད་གྲངས་ཆུང་ལྔ་མར་འགྲིབ། མཚོ་བྱང་ཁུལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚད་དེ་སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་བཞི་སྟོང་གཅིག་ཡིན་ལ། ན་ནིང་གི་ད་ཚོད་ཕྱིར་གཏོང་ནང་འདྲེན་ཅི་ཡང་བྱས་མེད།
དུས་མཉམ་དུ། སྔོན་གྱི་ཟླ་བ་བརྒྱད་ཀྱི་ནང་ལ། མཚོ་སྔོན་ཞིང་ཆེན་གྱིས་ཤར་ཕྱོགས་མནའ་འབྲེལ་ས་ཁུལ་དག་ལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བརྒྱད་ཀྱི་རིན་འབོར་ཕྱིར་གཏོང་ནང་འདྲེན་བྱས་ལ། འཕར་ཚད་ལྡབ་བཞི་དང་གྲངས་ཆུང་གཉིས་རེད། ཀུའེ་ནེ་ཡ་རུ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གཅིག་གི་རིན་འབོར་ཕྱིར་གཏོང་ནང་འདྲེན་བྱས་ལ། ན་ནིང་གི་ད་ཚོད་ཕྱིར་གཏོང་ནང་འདྲེན་ཅི་ཡང་བྱས་མེད། འཇར་པན་དུ་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚད་དེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ལ་སླེབས་པ་དང་འཕར་ཚད་བརྒྱ་ཆའི་རེ་གཅིག་གྲངས་ཆུང་བཞི་རེད། ཨ་ཧྥེ་རི་ཁ་ལྷོ་མ་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚད་དེ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ་ཡིན་ལ། བརྒྱ་ཆའི་བཅོ་བརྒྱད་གྲངས་ཆུང་དྲུག་མར་འགྲིབ། དུས་མཉམ་དུ། མཚོ་སྔོན་ཞིང་ཆེན་གྱིས་ཁུལ་ཁོངས་ཁྱོན་ཡོངས་དཔལ་འབྱོར་རོགས་ལས་གྲོགས་པོའི་གྲོས་ཆོད་བཞག་ཡོད་པའི་ཁོངས་གཏོགས་རྒྱལ་ཁབ་དག་ལ་ཕྱིར་གཏོང་ནང་འདྲེན་བྱས་པའི་ཚད་དེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་བྱེ་བ་གཉིས་ཡིན་ལ། ལྡབ་གཅིག་དང་གྲངས་ཆུང་བརྒྱད་འཕར་ཡོད། རྒྱུད་གཅིག་ལམ་གཅིག་གི་ལམ་ཐིག་ན་ཡོད་པའི་རྒྱལ་ཁབ་ཁག་ལ་བསྡོམས་པས་ཕྱིར་གཏོང་ནང་འདྲེན་བྱས་ཚད་དེ་སྒོར་ཐེར་འབུམ་གཅིག་དང་བྱེ་བ་གསུམ་ཡིན་ལ། ལྡབ་གཅིག་དང་གྲངས་ཆུང་བཞི་འཕར་འདུག
སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།