མཚོ་སྔོན་གྱིས་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་རྒྱ་སྐྱེད་ཁ་གསབ་དངུལ་སྒོར་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བརྒྱད་བྱིན།
2022.10.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་པའི་ཚེས་བཞི་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཁེ་ལས་ཀྱིས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་བསྡུ་ལེན་བྱེད་པར་སྐུལ་མ་གཏོང་ཆེད། ཞིང་ཆེན་སྤྱི་ཚོགས་ཉེན་ཚབ་ཞབས་ཞུ་ཅུའུ་ཡིས་མུ་མཐུད་དུ་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དཀའ་ཁག་ཐག་གཅོད་པའི་སྲིད་ཇུས་སྡེབས་གཅིག་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་རྒྱ་སྐྱེད་ཁ་གསབ་དངུལ་སྟེར་བའི་བྱ་བ་བརྟན་བརླིང་ངང་སྤེལ། མིག་སྔའི་བར་དུ། ཁེ་ལས་ཉིས་བརྒྱ་དང་ཉེར་གཅིག་ལ་ཁ་གསབ་དངུལ་སྒོར་ས་ཡ་གཉིས་དང་འབུམ་ལྔ་ཁྲི་བརྒྱད་བྱིན།

ཡིག་ཐོག་སྙན་ཞུ་མ་བྱས་ཀྱང་ལོངས་སྤྱོད་བྱེད་ཐུབ་པ་དང་ཐད་ཀར་སྟེར་བའི་རྣམ་པ་བརྒྱུད་དེ། ཁེ་ལས་ཀྱིས་སྲིད་ཇུས་འཚོལ་བ་དེ་སྲིད་ཇུས་དང་མ་དངུལ། ཞབས་ཞུས་ཁེ་ལས་འཚོལ་བར་བསྒྱུར་ནས། ཡིག་ཐོག་སྙན་ཞུ་བྱེད་མི་དགོས་པ་དང་རེའུ་མིག་སྐོང་མི་དགོས་པ་མངོན་འགྱུར་བྱས། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ལས་ཤོར་ཉེན་ཚབ་ཆ་འཕྲིན་མ་ལག་ལ་རྒྱབ་བརྟེན་ནས། སྲིད་ཇུས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱི་མིང་ཐོ་དང2022ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་མི་གྲངས་ཚགས་འདེམ་བྱས་པ་དང་། ཁེ་ལས་ཀྱིས་མི་གཅིག་བསྡུ་ལེན་བྱས་ཚེ་ཁ་གསབ་སྒོར་སྟོང་གཅིག་དང་ལྔ་བརྒྱ་སྟེར་བའི་ཚད་གཞི་ལྟར་ཁེ་ལས་ལ་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་རྒྱ་སྐྱེད་ཁ་གསབ་དངུལ་བྱིན། ཡིག་ཐོག་སྙན་ཞུ་མ་བྱས་པར་ལོངས་སྤྱོད་བྱེད་པའི་རྨང་གཞིའི་སྟེང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིས་ཉིན་གསུམ་གྱི་དུས་ཚོད་སྤྱད་དེ་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་རྒྱ་སྐྱེད་ཁ་གསབ་དངུལ་སྟེར་བའི་སྔོན་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱས། ཆ་འཕྲིན་མ་ལག་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས། སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭ་དཀྱུས་མའི་ད་ལོར་མཐར་ཕྱིན་པའི་སློབ་མའི་ཐོབ་ཐང་ཞིབ་དཔྱད་བྱེད་གནས་བར་གྱི་གཞི་གྲངས་ཞིབ་བསྡུར་ལ་ཤུགས་བསྣན་པ་དང་། ཟླ་དགུ་པའི་ཟླ་འགོར་གཞི་གྲངས་ཆེན་པོའི་ཞིབ་བསྡུར་བརྒྱུད་དེ། རང་ཞིང་གི་ད་ལོའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ཆ་འཕྲིན་ཚགས་འདེམས་བྱས་པ་མ་ཟད་མར་བྱིན་ནས་བདེན་མིན་ཞིབ་དཔྱད་བྱས་པ་དང་། ཆ་རྐྱེན་དང་མཐུན་པར་མྱུར་དུ་ཁ་གསབ་དངུལ་ཁེ་ལས་ཀྱི་རྩིས་ཐོ་སྟེང་བཞག དེ་དང་མཉམ་དུ། ལས་ཞུགས་སྡེ་ཁག་བར་གཞི་གྲངས་སྦྲེལ་མཐུད་བྱས་ནས། ཁེ་ལས་ཀྱི་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་རྒྱ་སྐྱེད་ཁ་གསབ་དང་ཐེངས་གཅིག་རང་བཞིན་གྱི་ལས་ཞུགས་མི་བསྡུའི་ཁ་གསབ་ཡང་བསྐྱར་ལེན་པའི་གནད་དོན་འབྱུང་བར་བཀག་འགོག་བྱས།

རིན་ཆེན་མཚོས་བསྒྱུར།