མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།
2022.10.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

མཚོ་སྔོན་ཞིང་ཆེན་གྱིས་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་།

ཉེ་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་2022ལོ་ནས་2025ལོའི་བར་གྱི་ལག་བསྟར་འཆར་གཞི་གཏན་འབེབས་འགྲེམ་སྤེལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ལས་འགན་བཀོད་སྒྲིག་དང་སྐུལ་འདེད་བཏང་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་འཛུགས་བསྐྲུན་བྱེད་པར་རོགས་ཤུགས་བཏོན།

ལག་བསྟར་འཆར་གཞི་ལས་བསྟན་དོན། 2025ལོའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་ཐོན་རྫས་མུ་མཐུད་ལེགས་བསྒྱུར་དང་། ཞབས་ཞུའི་སྤུས་ཚད་མུ་མཐུད་ལེགས་བཅོས། འཁོར་རྒྱུག་ཆུ་ཚད་མུ་མཐུད་ཇེ་མཐོར་བཏང་སྟེ། ཡུལ་སྐོར་ལྟད་མོ་བ་ཡིད་ཚུམ་ཚད་ཇེ་ཆེར་གཏོང་བ་དང་། གཙོ་གནད་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གྱི་ཚོང་རྟགས་གྲགས་ཅན་གྱི་ཕན་འབྲས་ཉིན་རེར་མངོན་གསལ་དུ་གཏོང་དགོས་ལ། གཙོ་གནད་ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྐོར་ཞིག་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་ཚད་གཞི་མཐོ་ཞིང་སྤུས་ཚད་མཐོ་བའི་རྩ་ཆེའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་འཛུགས་བསྐྲུན་བྱེད་དགོས། རྒྱལ་ཁབA5རིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་གསུམ་བསྐྲུན་རྒྱུ་དང་། A4རིམ་པའི་ཡུལ་སྐོར་ལྗོངས་རྒྱུ་ཁུལ་བཅུ་གསར་དུ་སྣོན་པར་བརྩོན་ལེན་བྱས་ཏེ། ལྗོངས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་དང་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པ་དེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་འབེན་ས་ཁུལ་བསྐྲུན་པ་སོགས་འཐབ་ཇུས་དམིགས་འབེན་གལ་ཆེན་དང་ཕན་ཡོད་སྦྲེལ་མཐུད་དང་གཞི་མཐུན་མཉམ་འདྲེས་བཅས་བྱས་ནས། ལྗོངས་ཁུལ་ཁོངས་ཡོངས་ལེགས་བསྒྱུར་དང། ཐོན་ལས་ཁོངས་ཡོངས་མཉམ་འགུལ། ཞབས་ཞུའི་ཁོངས་ཡོངས་སྡེབ་སྒྲིག་བཅས་བྱེད་པར་སྐུལ་འདེད་གཏོང་དགོས།

ལག་བསྟར་ཇུས་གཞི་ལས་གསལ་བོར་བསྟན་དོན། ཡུལ་སྐོར་ལྗོངས་རྒྱུ་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་རྣམ་གྲངས་དྲུག་དང་གཙོ་གནད་ལས་འགན་ཉེར་བཞིར་སྐུལ་འདེད་གཏོང་དགོས་ཏེ། དེའི་ནང་ཐོན་རྫས་མ་ལག་གསར་གཏོད་དང་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པ། དུས་ཚིགས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཕུན་སུམ་ཚོགས་པའི་ཐོན་རྫས་འདོན་སྤྲོད་དང་རིག་གནས་གོ་དོན་ཇེ་ཟབ་དུ་གཏོང་བ ། རྒྱུ་ཆ་ཆ་ཚང་ལེགས་སྒྲིག་བྱས་ནས་ཞབས་ཞུའི་རྒྱུ་ཆ་རིམ་འཕར་དང་། རིག་ནུས་ཆུ་ཚད་ཇེ་མཐོར་གཏོང་བ། ཕྱོགས་བསྡུས་འཛད་སྤྱོད་མཐོ་རུ་བཏང་ནས་འཛད་སྤྱོད་བྱེད་སྟངས་སྣ་ཚོགས་དང་རིག་གནས་རྣམ་པའི་ལྗོངས་རྒྱུ་ཁུལ་ལ་སྐུལ་འདེད་གཏོང་བ། མཚན་མོའི་ཡུལ་སྐོར་ཉམས་ལེན་འཕེལ་རྒྱས་སུ་གཏོང་བ་དང་དུས་ཆེན་གྱི་ཚོང་རྟགས་གྲགས་ཅན་བསྐྲུན་པ་དང་དམངས་ཕན་བྱ་འགུལ་སྤེལ་བ། ཞབས་ཞུའི་ཆུ་ཚད་ཇེ་མཐོར་བཏང་ནས་ཞབས་ཞུའི་ཚད་གཞི་ཇེ་དྲག་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོ། འགྲེལ་བཤད་ཆུ་ཚད་ཇེ་མཐོ་དང་ལྟ་སྐུལ་དོ་དམ་གྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་འདུས་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།