མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐེངས་གཉིས་པ་ནི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་ལྡན་པའི་ཚན་རིག་གི་བཟོ་སྐྲུན་ཆེན་པོ་ཡིན། གསར་འགོད་པས་ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཐེངས་གཉིས་པས་ཚྭ་མཚོའི་ཐོན་ཁུངས་གཏེར་ཐོན་ཆེད་དོན་སྤེལ་བའི་ཚུན་དུ། ཚན་རིག་ལྟ་ཞིབ་མི་སྣས་མཐོ་སྒང་གི་ཚྭ་མཚོའི་ཐོན་ཁུངས་ཁོར་ཡུག་གི་འགྱུར་ལྡོག་ལ་ཁ་གཏད་དེ་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་དང་ཀུན་གྱིས་རིག་སྟོབས་གཅིག་བསྡུས་བྱས་ནས་གནད་འགག་གི་ཚན་རིག་གནད་དོན་ཐད་ཀྱི་འགག་སྒོ་གཏོར་བ་མ་ཟད། ཚན་རིག་ཞིབ་འཇུག་ཐད་ཀྱི་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས།
རྒྱུས་ལོན་བྱུང་བ་ལྟར་ན། ཚན་རིག་ལྟ་ཞིབ་ལས་གཞི་ལག་བསྟར་བྱས་ནས་ད་བར་དུ། ཚྭ་མཚོའི་ཚན་རིག་ལྟ་ཞིབ་རུ་ཁག་གིས་བསྡོམས་པས་མི་བརྒྱ་ལྷག་བདམས་ནས་ཉིན་བཞི་བརྒྱ་དང་ལྔ་བཅུ་ལྷག་གི་དུས་ཚོད་སྤྱད་དེ། མདོ་དབུས་མཐོ་སྒང་གི་ཚྭ་མཚོ་ཁུལ་གཙོ་བོའི་ཚན་རིག་ལྟ་ཞིབ་ཞིབ་འཇུག་བྱ་བ་ཧ་ལམ་ཡོངས་འགྲུབ་བྱས། ལྷག་པར་དུ་བོད་ལྗོངས་བྱང་ཐང་མཐོ་སྒང་གི་ཚྭ་མཚོའི་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐད་ནས། ཚན་རིག་ལྟ་ཞིབ་ཞིབ་འཇུག་ཁུལ་ཁོངས་མང་ཆེ་ཤས་ཀྱི་མཚོ་འཕང་རྨིད་སྟོང་བཞི་དང་ལྔ་བརྒྱ་ཡན་ལ་སླེབས་པ་དང་། རང་བྱུང་ཁོར་ཡུག་དང་ཆ་རྐྱེན་ཧ་ཅང་ཞན། ཚན་རིག་ལྟ་ཞིབ་ཞིབ་འཇུག་མི་སྣས་མཐོ་སྒང་གི་དབྱང་དབུགས་དཀོན་པ་དང་ལམ་མི་བདེ་བ་སོགས་ཀྱི་དཀའ་ཁག་ཁྱད་སེལ་བྱས་ནས། མཚེའུ་བརྒྱ་ལྷག་ལ་ལྟ་ཞིབ་བྱས་པ་དང་། ལྟ་ཞིབ་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ། བོད་ལྗོངས་ཚྭ་མཚོའི་འཐབ་ཇུས་རང་བཞིན་གྱི་གཏེར་ཐོན་ཐོན་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཞིབ་འཇུག་ཐད་རྨང་གཞི་བརྟན་པོ་བཏིངས།
རུ་ཁག་གི་ཁོངས་མི་ཡོངས་ཀྱིས་འབད་འཐབ་འོག ཚྭ་མཚོའི་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཐད་ནས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་བླངས་པ་དང་། དེའི་ཁྲོད་ཐོན་ཁུངས་འགྱུར་ལྡོག་ཐད་ཀྱི་ཚྭ་མཚོའི་ཁོར་ཡུག་གི་འདེགས་སྐྱོར་ནུས་པའི་གདེང་འཇོག་མ་ལག་བཙུགས་པ་དང་། མདོ་དབུས་མཐོ་སྒང་གི་ལིས་མང་ཚྭ་མཚོའི་ཕྱོགས་བསྡུས་ལྟ་ཞིབ་ཡོངས་འགྲུབ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཐོན་ཁུངས་གསར་སྤེལ་གྱི་མཐུན་འཕྲོད་རང་བཞིན་ལ་དཔྱད་འཇོག་བྱས་པ། རྒྱལ་ནང་གི་ཆེས་ཆེ་བའི་ཚྭ་མཚོའི་ཆེད་དོན་ཚན་རིག་གཞི་གྲངས་མཉམ་སྤྱོད་སྟེགས་བུ་བཙུགས་པ་སོགས་འདུ་ལ། ཞིབ་འཇུག་གྲུབ་འབྲས་དེ་དག་གིས་མདོ་དབུས་མཐོ་སྒང་གི་ཚྭ་མཚོའི་ཐོན་ཁུངས་ཀྱི་ལུགས་མཐུན་སྲུང་སྐྱོབ་དང་གསར་སྤེལ་ཐད་ཚན་རྩལ་གྱི་འདེགས་སྐྱོར་འདོན་སྤྲོད་བྱས།
གོ་རིམ་རྗེས་མར། ཀྲུང་གོའི་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་གིས་རྒྱལ་ཁབ་ཀྱི་ཐོན་ཁུངས་གསར་སྤེལ་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། ལུགས་དང་མཐུན་པ་དང་ཕན་པ་ལྡན་པའི་སྒོ་ནས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བྱེད་པ་དང་ཐན་སྐམ་ཉམས་ཞན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་སོགས་ལ་དམིགས་ནས་ཚན་རྩལ་གྱི་འགག་གཏོར་བྱེད་པ་དང་། ཚྭ་མཚོའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རྩེར་སོན་གྱི་ཚན་རིག་ཞིབ་འཇུག་མཐོ་ས་འཛུགས་སྐྲུན་བྱེད་པ་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་འབྲུ་རིགས་དང་ནུས་ཁུངས་གཏེར་ཐོན་བདེ་འཇགས་བཅས་ཀྱི་ཐད་ཚན་རྩལ་གྱི་སྟོབས་ཤུགས་འབུལ་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།