ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་ལག་བསྟར་གྲོས་གཞི་སྒྲིག་བཟོ་འགྲེམ་སྤེལ་བྱས་ནས། མ་འོངས་པའི་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་གཏན་ཁེལ་བྱས་པ་སྟེ། 2025ལོའི་བར་དུ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པ་དང་། གཙོ་བོར་བཙོག་དངོས་ཕྱིར་གཏོང་གི་སྤྱིའི་གྲངས་ཚད་རྒྱུན་མཐུད་ངང་ཇེ་ཉུང་དུ་གཏོང་བ། སྡེ་ཁག་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་གྲངས་ཀྱི་དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་ཚད་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་དམིགས་འབེན་དུ་བསླེབ་པར་བྱེད་པ། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆའི་གོ་དྲུག་ཡན་དུ་བསླེབ་པར་བྱེད་པ། འབྲི་ཆུ་དང་རྨ་ཆུ། རྫ་ཆུའི་ཆུ་མགོའི་ཆུ་སྤུས་རིམ་པ་གཉིས་པ་དང་དེའི་ཡན་དུ་གཏན་འཇགས་བྱེད་པ། ས་ཞིང་བཙོག་བཟོའི་ཉེན་ཁར་ཕན་ཡོད་འགོག་སྡོམ་བྱེད་པ་སོགས་མངོན་འགྱུར་བྱེད་པ་དང་། 2035ལོའི་བར་དུ། ལྗང་མདོག་ཐོན་སྐྱེད་འཚོ་བའི་རྣམ་པ་གྲུབ་པར་བྱེད་པ་དང་། ཐཱན་ཕྱིར་གཏོང་རྩེར་སོན་རྗེས་གཏན་འཇགས་ཁྲོད་ཇེ་དམའ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་རྩ་བ་ནས་ཇེ་ལེགས་སུ་འགྲོ་བ་བཅས་བྱས་ནས། མཛེས་སྡུག་ཀྲུང་གོ་དག་གཙང་མཚོ་སྔོན་གྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་རེད།
ལག་བསྟར་གྲོས་གཞིའི་ནང་། ལྗང་མདོག་ཐཱན་དམའ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་བྱེད་པ་དང་། ཐོན་ལས་གྲུབ་ཚུལ་ལེགས་བསྒྱུར་བྱས་ནས་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་དག་གཙང་ཐཱན་དམའ་ཚུལ་བསྒྱུར་དང་ཐོན་ཁུངས་གྲོན་ཆུང་དང་ཕན་ཡོད་བེད་སྤྱོད་ཐད་སྐུལ་འདེད་གཏོང་བ། དགུན་དུས་ཀྱི་དག་གཙང་དྲོད་འདོན་ཚོད་ལྟ་གྲོང་ཁྱེར་གྱི་ཁྱབ་ཁོངས་ཆེར་སྐྱེད་དེ། 2025ལོར་ཐོན་དུས། རྡོ་འགྱུར་མིན་པའི་ནུས་ཁུངས་ཀྱིས་ནུས་ཁུངས་འཛད་སྤྱོད་སྤྱི་གྲངས་ཀྱི་ཟིན་ཚད་བརྒྱ་ཆའི་ང་གཉིས་ཡན་དུ་བསླེབ་པར་བྱེད་དགོས།
དྲི་ངན་དབྱང་རླུང་གི་བཙོག་བཟོ་འགོག་བཅོས་དང་ཁྲའེ་སྣུམ་ཟོག་འདྲུད་རླངས་འཁོར་གྱི་བཙོག་བཟོ་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་པ་དང་། མཁའ་རླུང་ངོས་ཁུངས་དང་འཛེར་སྒྲའི་བཙོག་བཟོ་བཅོས་སྐྱོང་ལ་ཤུགས་བསྣན་ནས། 2025ལོར་ཐོན་དུས། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་འཕྲུལ་ཆས་ཀྱིས་གཙང་སྦྲ་བྱེད་པའི་ཚད་སོ་སོར་བརྒྱ་ཆའི་གོ་ལྔ་དང་བརྒྱ་ཆའི་དགུ་བཅུ་རུ་བསླེབ་པར་བྱེད་པ་དང་། སྒྲའི་ཁོར་ཡུག་རྩོལ་ནུས་ཁུལ་གྱི་དགོང་མོའི་ཚད་གཞི་དང་མཐུན་པའི་ཚད་རྒྱལ་ཁབ་ཀྱི་རེ་བ་དང་མཐུན་པར་བྱེད་དགོས།
གྲོང་ཁྱེར་ཆུ་སྙིགས་བཅོས་སྐྱོང་མཁྲེགས་གཏོར་དང་འབྲི་ཆུའི་སྲུང་སྐྱོབ་སླར་གསོ་མཁྲེགས་གཏོར། རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་མཁྲེགས་གཏོར་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབ་པ་དང་། བཞུར་རྒྱུད་ཀྱི་བཙོག་འདོན་བྱེད་སའི་ཆེད་དོན་བཅོས་སྐྱོང་སྤེལ་ནས། བཏུང་ཆུའི་བདེ་འཇགས་ལ་འགན་སྲུང་བྱས་ཏེ། 2025ལོར་ཐོན་དུས། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་གཅིག་བསྡུས་བཏུང་ཆུའི་ཆུ་ཁུངས་ཀྱི་ཆུ་སྤུས་རིམ་པ་གསུམ་པར་བསླེབ་པ་དང་དེ་ལས་བཟང་བི་བསྡུར་ཚད་བརྒྱ་ཆའི་བརྒྱ་ལ་བསླེབ་པར་བྱེད་དགོས།
ཞིང་ལས་ཞིང་སྡེའི་བཙོག་བཅོས་བཅོས་སྐྱོང་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས། 2025ལོར་ཐོན་དུས། མཐོ་སྒང་གི་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁེབས་པར་བྱེད་པ་དང་། མཁར་གྲོང་གི་འཚོ་བའི་གད་སྙིགས་བཅོས་སྐྱོང་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། ཞིང་བཀོལ་ས་ཞིང་བཙོག་བཟོ་འགོག་བཅོས་དང་བདེ་འཇགས་བེད་སྤྱོད་བྱེད་པ། འཛུགས་སྐྲུན་ས་ཞིང་གི་བཙོག་བཟོ་ཉེན་ཁར་འགོག་སྡོམ་བཟང་བོ་བྱེད་པ། གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱས་ཏེ། 2025ལོར་ཐོན་དུས། ཁུལ་སྲིད་གཞུང་ཡོད་སའི་གད་སྙིགས་མེད་པའི་གྲོང་ཁྱེར་འཛུགས་སྐྲུན་ཡོངས་སུ་ཁེབས་པར་བྱེད་དགོས།
སྐྱེ་ཁམས་སྲུང་སྐྱོབ་བཅོས་སྐྱོང་སླར་གསོ་མཁྲེགས་གཏོར་བྱ་བ་བཟང་བོར་བསྒྲུབ་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་འདོམས་བྱས་ནས། 2025ལོར་ཐོན་དུས། ནགས་ཚལ་ཁེབས་ཚད་བརྒྱ་ཆའི་བརྒྱད་ལ་བསླེབ་པར་བྱེད་པ་དང་། རྩྭ་སའི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད་བརྒྱ་ཆའི་ང་བརྒྱད་ཡན་ལ་བསླེབ་པར་བྱེད་པ། བརླན་སར་སྲུང་སྐྱོབ་བྱེད་ཚད་བརྒྱ་ཆའི་རེ་དྲུག་ལ་བསླེབ་པར་བྱེད་དགོས། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བཟོ་སྐྲུན་ཆེན་པོ་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དོ་སྲུང་ལ་ཤུགས་སྣོན་པ། ཉིང་རྡུལ་དང་འགྱེད་འཕྲོའི་བདེ་འཇགས་ལ་འགན་སྲུང་བྱེད་པ། ཁོར་ཡུག་གི་ཉེན་ཁར་འགོག་སྡོམ་ནན་མོ་བྱས་ཏེ། 2025ལོར་ཐོན་དུས། ལས་རིགས་གཙོ་བོའི་ལྕགས་རིགས་ཀྱི་བཙོག་བཟོ་དངོས་པོ་ཕྱིར་འདོན་ཚད2020ལོ་དང་བསྡུར་ན་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་ཇེ་ཉུང་དུ་འགྲོ་བར་བྱེད་དགོས།
དེ་དང་མཉམ་དུ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་ཁྲིམས་སྐྱོང་འགན་སྲུང་ཇེ་དྲག་ཏུ་གཏོང་བ་དང་། སྲིད་ཇུས་བཀོལ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། རྨང་གཞི་སྒྲིག་ཆས་ཐད་ཀྱི་ཞན་ཆ་ཁ་གསབ་བྱེད་པ། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ཕན་ནུས་མཐོར་འདེགས་གཏོང་བ། དེང་རབས་ལྟ་ཞིབ་མ་ལག་འཐུས་ཚང་དུ་བཏང་སྟེ། ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ་བཅས་ཀྱི་གཏན་ཁེལ་གསལ་བོ་བྱས་ཡོད།
རིན་ཆེན་མཚོས་བསྒྱུར།