ཟླ་བཅུ་པའི་ཚེས་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་བཅུ་གཅིག་ཚང་མ“ལྗང་ཕུབ”ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བའི་ཆེད་དོན་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ནང་བཞག མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆའི“ལྗང་ཕུབ”ཁྲོད་ཚུད་པའི་གནད་དོན་ཉིས་བརྒྱ་དང་གོ་ལྔ་ཡོད་པ་དང་། གནད་དོན་ཉིས་བརྒྱ་དང་གོ་གཅིག་དག་ཐེར་ལེགས་བཅོས་བྱས་ལ། དག་ཐེར་ལེགས་བཅོས་བྱས་ཚད་བརྒྱ་ཆའི་གོ་བརྒྱད་ལྷག་ལ་སླེབས། ལོ་དྲུག་རིང་གི“ལྗང་ཕུབ”རང་བྱུང་སྲུང་སྐྱོབ་ཁུལ་ལྟ་སྐུལ་ཞིབ་བཤེར་ཆེད་དོན་འགུལ་སྐྱོད་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས། སྒྲིག་ལམ་མེད་པའི་གསར་སྤེལ་འཛུགས་སྐྲུན་བྱ་འགུལ་བཀག་འགོག་བྱས་པ་དང་། མཚོ་སྔོན་པོའི་བཞུར་རྒྱུད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་།
སྐྱེ་ཁམས་ཁོར་ཡུག་པུའུ་དང་རྒྱལ་ཁབ་ནགས་རྩྭ་ཅུའུ་སོགས་ལས་ཁུངས་བདུན་གྱིས2017ལོའི“ལྗང་ཕུབ”རང་བྱུང་སྲུང་སྐྱོབ་ཁུལ་ལྟ་སྐུལ་ཞིབ་བཤེར་ཆེད་དོན་འགུལ་སྐྱོད་སྤེལ་བའི་ཚུན་དུ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་འགོ་ཁྲིད་དེ། ཞིང་ཆེན་ནགས་རྩྭ་ཅུའུ་དང་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་སོགས་སྡེ་ཁག་དང་མཉམ་དུ། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་བཅུ་གཅིག་ཚང་མ“ལྗང་ཕུབ”ཀྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བའི་ཆེད་དོན་འགུལ་སྐྱོད་ཀྱི་ཁྱབ་ཁོངས་སུ་བཞག ལོ་དྲུག་རིང་ལ། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་གཙོ་གནད་དང་དཀའ་གནད་ལ་དམིགས་ནས། སྡེ་ཁག་མང་པོས་མཉམ་འབྲེལ་བྱེད་པ་དང་མཉམ་ལས་དམ་ཟབ་བྱེད་པའི་རྐྱེན་སྲོལ་བཙུགས་པ་དང་། རྩིས་ཐོ་དོ་དམ་དང་གསལ་ཁྲ་དོ་དམ། རྩིས་སུབ་དོ་དམ་བཅས་ཀྱི་བྱ་བའི་བྱེད་ཐབས་གྲུབ་པར་བྱས་ནས། རང་བྱུང་སྲུང་སྐྱོབ་ས་ཆའི་ལྟ་སྐུལ་དོ་དམ་མ་ལག་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་། དེ་དང་མཉམ་དུ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དང་འཕྲིན་བཅར་ཞུ་གཏུག རྩིས་བཤེར་ཐད་ཀྱི་ཡར་ཞུ་གནད་དོན་བཅས་ལྗང་ཕུབ་གནད་དོན་གྱི་གསལ་ཁྲ་ཁྲོད་བཞག མིག་སྔའི་བར་དུ། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆ་ལྗང་ཕུབ་གནད་དོན་ཁྲོད་བཞག་པ་དང་། དག་ཐེར་ལེགས་བཅོས་བྱེད་ཚད་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་དྲུག་ལ་སླེབས།
དེར་མ་ཟད། ལོ་དྲུག་རིང་ལ། བསྡོམས་པས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ས་གནས་དྲུག་བརྒྱ་ལྷག་ལ་ཞིབ་བཤེར་བྱས་པ་དང་། ཉིན་རྒྱུན་གྱི་དོ་སྲུང་སྐོར་ཞིབ་དང་རང་བཤེར་རྟོག་སེལ་ལ་ཟུང་འབྲེལ་བྱས་ནས། ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཐག་བཅད། གནད་དོན་ཡོད་ཚད2020ལོར་དག་ཐེར་ལེགས་བཅོས་བྱས་ཟིན་པ་མ་ཟད། 2022ལོའི་ཟླ་དྲུག་པའི་ནང་ཚང་མ་རྩིས་ལེན་བྱས། དཀྱིལ་སྙིང་ཁུལ་དུ་ཡོད་པའི་སྒེར་སྐྲུན་ཤིང་ཁང་དང་ཤིང་ལམ། མགྲོན་ཁང་བཅས་བཞི་བཤིག་པ་དང་། མཚོ་ཆུང་ནོར་བུའི་འགྲམ་དང་མཚོ་སྐོར་ཤར་ལམ་གྱི་སྒེར་བཙུགས་གནས་སྐོར་ལྗོངས་རྒྱུ་ས་ཆ་གཉིས་མེད་པར་བཟོས་ལ། ལོ་རྒྱུས་ཀྱི་ཤུལ་བཞག་བྱེ་དུང་བཅུ་གསུམ་དང་གཏེར་ཁུངས་གཅིག་ལ་སླར་གསོ་བཅོས་སྐྱོང་བྱས་པ་དང་། སྒེར་བཙུགས་དང་མཆན་འགོད་འགྲོ་ལུགས་མི་ཚང་བའི་སྒྲིག་ཆས་དང་གནས་སྐབས་ཀྱི་བཟོ་སྐྲུན་ཉེར་གསུམ་བཤིག་གཏོར་བྱས་པ་དང་ཡང་ན་འཛུགས་སྐྲུན་བྱེད་མཚམས་བཞག
རིན་ཆེན་མཚོས་བསྒྱུར།