ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་ཐིན། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། དམག་ཁོངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་བཅས་དང་མཉམ་འབྲེལ་བྱས་ནས་སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི་དེ་དངོས་གོང་ཡར་འཕར་དང་སྦྲེལ་བའི་མཉམ་འབྲེལ་རྐྱེན་སྲོལ་ལག་བསྟར་བྱས་ཏེ། དངོས་གོང་ཡར་འཕར་གྱིས་ཡོང་སྒོ་དམའ་བའི་མི་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཐད་བཟོས་པའི་གནོད་པ་ཇེ་ཆུང་དུ་བཏང་།
ཟླ་བརྒྱད་པའི་ནང་། མཚོ་སྔོན་ཞིང་ཆེན་གྱིས་ཡོང་སྒོ་དམའ་བའི་མི་ཚོགས་ལ་ཁ་གསབ་སྒོར་ས་ཡ་བདུན་དང་འབུམ་བདུན་ཁྲི་དྲུག་སྟོང་ལྔ་བདུན་བརྒྱ་བྱིན་པ་དང་། མི་འབུམ་གསུམ་དང་ཁྲི་དྲུག་སྟོང་བདུན་དྲུག་བརྒྱར་ཕན་བཏགས་ལ། མི་དེ་ཚོའི་གཞི་རྩའི་འཚོ་བར་འགན་སྲུང་བྱེད་པ་དང་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་དང་། དེ་ནི་མཐིལ་རྟོགས་འགན་སྲུང་བྱ་བ་ཁྱོན་ཡོངས་ནས་བཟང་བོར་བསྒྲུབས་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ཡོད་སྦྲེལ་མཐུད་བྱས་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད།
ཁ་གསབ་མ་དངུལ་དེ་ཟླ་བརྒྱད་པ་ནས་བཟུང་སྟེ་མགོ་བརྩམས་པ་དང་། ཟླ་དེའི་ཁ་གསབ་སྟེར་བའི་ཆ་རྐྱེན་མི་འདང་དུས། ཁ་གསབ་སྟེར་མཚམས་བཞག ཁ་གསབ་དངུལ་སྟེར་ཡུལ་ནི་མཁར་གྲོང་གི་མ་མཐའི་འཚོ་བར་འགན་སྲུང་བྱེད་པ་དང་ཧ་ཅང་དཀའ་ཁག་ཆེ་བའི་གསོ་སྐྱོང་མི་སྣ། ལས་ཤོར་ཉེན་ཚབ་ལོངས་སྤྱོད་བྱེད་བཞིན་པའི་མི་སྣ། རྒྱལ་ཁབ་ཀྱི་དུས་བཅད་གཟིགས་སྐྱོང་ཁ་གསབ་ལོངས་སྤྱོད་བྱེད་པའི་འཚོ་བར་དཀའ་ཁག་ཡོད་པའི་གཟིགས་སྐྱོང་མི་སྣ། དྭ་ཕྲུག་དང་གཉོར་སྐྱོང་བྱེད་མཁན་མེད་པའི་བྱིས་པ། ཨེ་ཙིའི་ནད་དུག་འགོས་པའི་བྱིས་པ་བཅས་རེད།
རིན་ཆེན་མཚོས་བསྒྱུར།