མཚོ་སྔོན་གྱིས་མ་དངུལ་སྒོར་དུང་ཕྱུར་བརྒྱད་ལྷག་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དགོས་མཁོ་འགན་སྲུང་བྱས།
2022.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཉིས་སྟོང་ཉེར་གཉིས་ལོར། མཚོ་སྔོན་ཞིང་ཆེན་གྱིས་རིམས་ནད་འགོག་སྡོམ་དང་མཐོ་སྒང་གསོ་རིག སྤུས་ལེགས་སྨན་བཅོས། བདེ་ཐང་ཞབས་ཞུ་བཅས་ཁྱབ་ཁོངས་བཞི་ལ་དམིགས་ཏེ། རྟོག་ཞིབ་ནན་མོ་བྱས་པ་དང་གོ་རིམ་ལྡན་པར་འཆར་འགོད་བྱས་ཤིང་། ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་བརྒྱད་དང་བྱེ་བ་ལྔ་བརྩོན་ལེན་དང་དངོས་འབེབས་བྱས་ཏེ་ལས་གཞི་གལ་ཆེན་དགུའི་འཛུགས་སྐྲུན་ཐད་ལ་རྒྱབ་སྐྱོར་བྱས་ནས། རྒྱུན་མཐུད་སྒོས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་རྣམ་པ་ལེགས་སྒྱུར་བྱས་པ་དང་། འཕྲོད་བསྟེན་བདེ་ཐང་གི་མཁོ་འདོན་ནུས་པ་དང་ཞབས་ཞུའི་ཆུ་ཚད་མགྱོགས་མྱུར་སྒོས་མཐོར་འདེགས་སུ་བཏང་།

ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་གཉིས་བླངས་ཏེ། ཞིང་ཆེན་རིམས་ནད་འགོག་སྡོམ་ལྟེ་གནས་དང་ཟི་ལིང་གྲོང་ཁྱེར་གཅིག་བསྡུས་ལོགས་བཀར་བྱེད་ས་དང་སྒྲོམ་ཚང་སྨན་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་པ་དང་།  ཟི་ལིང་གྲོང་ཁྱེར་གྱི་གཅིག་བསྡུས་ལོགས་བཀར་དང་ནད་པ་བསྡུ་ལེན་སྨན་བཅོས་སྒྲིག་ཆས་ཀྱི་ཞན་ཆ་ཁ་གསབ་བྱས་ནས། གཞི་ཁྱོན་ཆེ་བའི་རིམས་ནད་ལ་ཁ་གཏད་འཇལ་བའི་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་བཏང་། མཐོ་སྒང་དུ་རིམས་ནད་འབྱུང་རྒྱུ་མང་པོའི་དངོས་ཡོད་གནད་དོན་ལ་དམིགས་ཤིང་། མཐོ་སྒང་གསོ་རིག་འཕེལ་རྒྱས་ཀྱི་གཏན་གནས་གསལ་བོར་ཤེས་པར་བྱས་པ་དང་། ཁྱད་སྟོབས་ཐོན་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལེགས་སྒྱུར་ལེགས་སྒྲིག་དང་མཉམ་སྐྲུན་མཉམ་སྤྱོད། གཅིག་བསྡུས་ནུས་ལྡན་གྱི་འཛུགས་སྐྲུན་བསམ་ཕྱོགས་ལྟར། ཀྲུང་དབྱང་སྔོན་རྩིས་ལས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་དངོས་འབེབས་བྱས་ནས། རྒྱལ་ཁབ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་དང་རྒྱལ་ཁབ་བྲེལ་མྱུར་གསོ་རིག་རྒུད་སྐྱོབ་རྟེན་གཞིའི་ལས་གཞི་ལག་བསྟར་བྱེད་འགོ་བརྩམས་པ་དང་། མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། མཐོ་སྒང་ནད་ཐོག་གསོ་རིག་དང་ཞིབ་འཇུག་ཁྱབ་ཁོངས་ནས་བརྒལ་གཏོར་གསར་བ་བྱེད་པར་སྐུལ་འདེད་བཏང་།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།