ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཁག་ཁུར་བཟང་བོ་བྱས་པ་དང་ནོར་སྲིད་གྱི་འགན་ནུས་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་དངུལ་གཏོང་ཤུགས་ཚད་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་བསྡོམས་པས་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་དགུ་དུང་ཕྱུར་དྲུག་བྱེ་བ་དགུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྟོབས་དང་ལྡན་པའི་མ་དངུལ་གྱི་འགན་སྲུང་འདོན་སྤྲོད་བྱས།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ནོར་སྲིད་ཀྱིས་འབག་བཙོག་འགོག་བཅོས་ཐད་མ་དངུལ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གཅིག་དུང་ཕྱུར་བཞི་བྱེ་བ་གཉིས་བཏང་སྟེ་ཆུ་དང་ས་ཞིང་སོགས་ཀྱི་སྲུང་སྐྱོབ་དམག་འཐབ་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་ཐག་གཅོད་སྒྲིག་ཆས་ཁེབས་ཚད་བརྒྱ་ཆའི་བརྒྱར་སླེབས་ལ། སྲིད་འཛིན་སྡེ་བའི་འཚོ་བའི་གད་སྙིགས་ཐག་གཅོད་བྱས་ཚད་བརྒྱ་ཆའི་གྱ་བདུན་དང་གྲངས་ཆུང་ལྔར་སླེབས་ནས་ཞིང་སྡེའི་མི་སྡོད་ཁོར་ཡུག་གི་སྤུས་ཚད་མངོན་གསལ་གྱིས་ཇེ་ལེགས་སུ་སོང་།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱ་བའི་བཀོད་སྒྲིག་ལ་དམིགས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞིའི་ཚོད་ལྟར་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། བསྡོམས་པས་ནོར་སྲིད་མ་དངུལ་སྒོར་ཐེར་འབུམ་ལྔ་དང་དུང་ཕྱུར་དགུ་བྱེ་བ་གསུམ་བཏང་སྟེ་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་མ་ལག་འཛུགས་སྐྲུན་ཐད་འཕེལ་རྒྱས་ཆེན་པོ་བྱུང་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པར་མ་ཟད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱས་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་ལ་ཆོག་མཆན་བཀོད་དེ་གསར་འཛུགས་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།