མཚོ་སྔོན་གྱི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་དག་ཐེར་བཅོས་སྐྱོང་བྱ་བའི་ཉིན་བརྒྱའི་འགུལ་སྐྱོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ།
2022.10.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་སྤྱི་བདེའི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།   དུས་ཚིགས་གསུམ་པར་མཚོ་སྔོན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱིའི་རུ་ཁག་གིས་དབྱར་དུས་སུ་ཆང་འཐུང་ནས་རླངས་འཁོར་སྐོར་བ་དང་གཞུང་ལམ་གྱི་ཆག་སྒོ་བཟོ་སླ་བའི་ཁྲིམས་འགལ་བྱ་སྤྱོད་གཉིས་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་ཉིན་བརྒྱའི་འགུལ་སྐྱོད་སྤེལ།  འགུལ་སྐྱོད་སྐབས་སུ།   མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་གྱི་རིགས་བཞིའི་སྟོན་གྲངས་ཁྱོན་ཡོངས་ནས་མར་འགྲིབ་པ་དང་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་འབྱུང་ཚད་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ལྔ་བཅུ་ཇེ་དམའ་རུ་སོང་སྟེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་རོགས་རེས་བྱས་པ་བརྒྱུད་དེ་ཉེན་ཁ་ཆེ་བའི་སྐྱེལ་འདྲེན་ཁེ་ལས་ཉིས་བརྒྱ་ང་དྲུག་དག་ཐེར་བྱས་ཏེ་བསྡོམས་པས་རིགས་བརྒྱད་ཀྱི་གཙོ་གནད་རླངས་འཁོར་ཁྲི་གཅིག་དང་སྟོང་གཉིས་ལ་ཞིབ་བཤེར་བྱས་པ་དང་རླངས་འཁོར་སྟོང་གཉིས་དང་གྱ་གཉིས་བེད་མེད་ཟུར་འཇོག་བྱས།    ཁྲིམས་འགལ་ནག་ཉེས་དག་ཐེར་ལེགས་བཅོས་བྱ་རྒྱུ་འབུར་དུ་ཐོན་པར་བྱས་ནས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཁྲི་དྲུག་དང་སྟོང་གཅིག་དགུ་བརྒྱར་ཡུལ་དངོས་ནས་ཞིབ་བཤེར་ཐག་གཅོད་བྱས་པ་དང་། སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་ལྔ་དང་གྲངས་ཆུང་དགུ་བཞི་འཕར།   ནུབ་བྱང་ཁུལ་གྱི་ཟོང་འཁོར་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་ལ་གཅིག་བསྡུས་སྒོས་དག་ཐེར་བཅོས་སྐྱོང་བྱས་ཏེ་ཟོང་འཁོར་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་སྐྱེལ་འདྲེན་རླངས་འཁོར་གྱི་འགྲིམ་འགྲུལ་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ཁྲི་གཅིག་དང་སྟོང་གཅིག་ཞིབ་བཤེར་ཐག་གཅོད་བྱས།   ཆང་འཐུང་རྗེས་རླངས་འཁོར་སྐོར་བའི་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེར་བཅོས་སྐྱོང་བྱེད་པའི་འགུལ་སྐྱོད་སྤེལ་ཏེ་ཆང་འཐུང་ནས་རླངས་འཁོར་སྐོར་བའི་ཁྲིམས་འགལ་བྱ་སྤྱོད་སྟོང་གཅིག་དང་བརྒྱ་དང་དྲུག་ཞིབ་བཤེར་ཐག་གཅོད་བྱས།

བོད་ལྗོངས་ནས་མཚོ་སྔོན་དུ་ཡོང་བའི་རླངས་འཁོར་ལ་དོ་དམ་དང་རིམས་འགོག་འགན་སྲུང་བྱ་བའི་ཆེད་དོན་ཚན་ཁག་གཉིས་བཙུགས་ནས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་སྒོས་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་དུ་བསྐྱར་འཕར་འབྱུང་བ་འགོག་པ།   དངོས་ཟོག་འཁོར་རྒྱུག་གེགས་མེད་འགན་སྲུང་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ཏེ་དམངས་འཚོའི་དངོས་རྫས་དང་ཐོན་སྐྱེད་དངོས་ཟོག་སྐྱེལ་འདྲེན་གེགས་མེད་ཡོང་བར་འགན་སྲུང་བྱས་པ་དང་རིམས་ནད་ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་དུ་བསྐྱར་འཕར་འབྱུང་བ་འགོག་པའི་འགོག་ར་བརྟན་པོར་བཙུགས།

                                                                                                            ལྷ་མོ་ཚེ་རིང་གིས་བསྒྱུར།