མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་རྒྱ་སྐྱེད་གཏོང་བར་སྐུལ་འདེད་བཏང་།
ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་།ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་ལ་རྐང་འཛུགས་པ་དང་བུད་མེད་ལ་ཞུབས་ཞུ་སྒྲུབ་པ། ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་རྒྱ་སྐྱེད་རྒྱུར་སྐུལ་འདེད་གཏོང་བ་དེ་བུད་མེད་ཀྱིས་ལས་གཏོད་བྱེད་པར་སྐུལ་འདེད་དང་། བུད་མེད་ལ་སྣེ་ཁྲིད་ནས་ལས་ཞུགས་བྱེད་པའི་ཁྱད་ལྡན་ཐོན་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པར་སྐུལ་འདེད་གཏོང་བྱེད་དུ་བསྒྱུར་ནས། དབུལ་ཕོངས་བུད་མེད་དང་ངལ་རྩོལ་ནུས་པ་ལྡན་པ་སྐོར་ཞིག་གི་ལས་ཞུགས་མངོན་འགྱུར་ཐུབ་པར་སྐུལ་འདེད་བཏང་ལ། གནད་ཁེལ་དབུལ་སྐྱོར་དང་དབུལ་ཕོངས་བུད་མེད་ཁྱིམ་དུ་ལས་ཞུགས་བྱེད་པའི་བྱེད་ནུས་གལ་ཆེན་ཁྲོད་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཚོགས་སྟེང་གི་ནུས་ལྡན་ཐོན་ཁུངས་སྡེབ་སྒྲིག་གང་ལེགས་བྱས་ཏེ། ཁྱིམ་སྲིད་གཙང་དག་པ་དང་། མ་བུ་བདག་སྐྱོང་མཁན། རྒན་གསོའི་བདག་སྐྱོང་མཁན་བཅས་གཙོར་བཟུང་སྟེ་ཁྱིམ་སྲིད་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་རྒྱ་ཆེར་སྤེལ་བ་དང་། ཁྱིམ་སྲིད་ཞབས་ཞུའི་ལས་རིགས་གཉེར་མཁན་གྱི་རྩལ་ནུས་ཆུ་ཚད་མུ་མཐུད་མཐོ་རུ་བཏང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་དང་མཉམ་འབྲེལ་གྱིས་བསྟུད་མུར་ལོ་དྲུག་ལ་བུད་མེད་ཁྱིམ་སྲིད་ཞབས་ཞུའི་ཆེད་དོན་གསོ་སྦྱོང་ལས་གཞི་ལག་བསྟར་བྱས་ནས་བུད་མེད་གསོ་སྦྱོང་བ་ཁྲི་བཞི་ལྷག་ལ་བུད། ཞིང་ཆེན་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་བརྩོན་ལེན་བྱས་ཏེ་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་རྩལ་ནུས་གསོ་སྦྱོང་སྤེལ་བ་དང་། ལོ་རེར་བུད་མེད་སྟོང་གཉིས་ལྷག་གསོ་སྦྱོང་ལ་ཞུགས་ཡོད།
དེ་ལས་གཞན། ཞིང་ཆེན་ཡོངས་ཀྱི་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས་ལྔ་རྒྱུན་མཐུད་ངང་སྤེལ་བ་དང་། མཚོ་སྔོན་ཞིང་ཆེན་ཕུལ་བྱུང་བང་གཉོར་མ་འདེམ་པའི་འགྲན་སྡུར་སྐབས་གཉིས་གསར་སྤེལ་བྱས། འགྲན་སྡུར་བརྒྱུད་དེ་ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་རྐང་འཛིན་པ་སྐོར་ཞིག་སྐྱེད་སྲིང་བྱས་ལ། ཁྱིམ་ཚང་ཞབས་ཞུའི་ལས་རིགས་ཀྱི་ཚད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ཁྱིམ་སྲིད་ཞབས་ཞུའི་སྤུས་ཚད་མཐོར་འདེགས་རྒྱ་སྐྱེད་གཏོང་བའི་སྣེ་ཁྲིད་པའི་འགུལ་སྐྱོད་ཚོད་ལྟའི་བྱ་བར་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་རྒྱ་སྐྱེད་གཏོང་བའི་སྐོར་གྱི་བསམ་འཆར་ཞེས་པ་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་པ་དང་། ཞིང་ཆེན་རིམ་པའི་ཚོགས་ཁག་མཐུན་སྦྱོར་ཅན་གྱི་ལས་གཞི་ལྟར། བུད་མེད་ཁྱིམ་སྲིད་བྱ་བའི་སྣེ་ཁྲིད་ཁེ་ལས་དགུ་ཁས་ལེན་བྱས་ཏེ་རྒྱབ་སྐྱོར་མ་དངུལ་སྒོར་འབུམ་བཞི་དང་ཁྲི་ལྔ་བྱིན་པ་དང་། བུད་མེད་ཁྱིམ་སྲིད་དཔེ་སྟོན་ཁེ་ལས་གསུམ་ཁས་ལེན་བྱས་ཏེ་རྒྱབ་སྐྱོར་མ་དངུལ་སྒོར་འབུམ་གཅིག་དང་ཁྲི་གཉིས་བྱིན། བུད་མེད་ཁྱིམ་སྲིད་གསར་གཏོར་གཞུང་ལས་ཁང་གཉིས་ཁས་ལེན་བྱས་ཏེ་རྒྱབ་སྐྱོར་མ་དངུལ་སྒོར་འབུམ་གཅིག་བྱིན་ཡོད། བུད་མེད་ཀྱིས་ལས་གཏོད་ལས་ཞུགས་བྱེད་པར་སྣེ་ཁྲིད་བྱེད་ཆེད། བུད་མེད་ཁྱིམ་སྲིད་ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་དང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་ནུས་ལྡན་འདོན་སྤྲོད་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།