ཟླ་བཅུ་པའི་ཚེས་བཅུ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་ཟི་ལིང་གི་གནམ་གཤིས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་མཉམ་ལས་གྲོས་མཐུན་བཀོད། གྲོས་མཐུན་ལྟར། ཕྱོགས་གཉིས་ཀྱིས་གནམ་གཤིས་དེང་རབས་ཅན་གྱི་འཕེལ་རྒྱས་ཀྱི་བརྗོད་སྙིང་ལ་དམིགས་ནས། ཚན་རྩལ་གཙོར་འཛིན་པ་དང་ལྟ་ཞིབ་བཟང་བོ་བྱེད་པ། སྔོན་བརྡ་གནད་ལ་འཁེལ་བ་བྱེད་པ། ཞབས་ཞུ་སྤུས་ལེགས་འདོན་སྤྲོད་བྱེད་པ། མི་དམངས་ཡིད་ཚིམ་པའི་དེང་རབས་ཀྱི་གནམ་གཤིས་མ་ལག་འཛུགས་པ་དང་། གནམ་གཤིས་ཐད་ཀྱི་གནོད་སྐྱོབ་གནོད་འགོག་གི་འགོག་ར་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ཏེ། ཟི་ལིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ཕན་ལྡན་གྱི་གནམ་གཤིས་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱེད་རྒྱུ་རེད།
གྲོས་མཐུན་ནང་། མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུའུ་དང་ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་ཕྱོགས་བསྡུས་གནོད་འགོག་གནོད་སྐྱོབ་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། གནམ་གཤིས་གནོད་འཚེའི་སྔོན་བརྡ་གཏོང་བར་སྣེ་ཁྲིད་དུ་བྱེད་པའི་སྡེ་ཁག་མཉམ་འབྲེལ་རྐྱེན་སྲོལ་དང་གནོད་འཚེ་ཉེན་བརྡའི་གྲོང་ཁྱེར་གྱི་ལས་མཚམས་སློབ་མཚམས་དང་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་མཚམས་འཇོག་པའི་ཐད་ཀྱི་རང་འགུལ་ལག་བསྟར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཀྲུང་གོ་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ལག་རྩལ་གྱིས་རྒྱབ་སྐྱོར་འོག ཟི་ལིང་གྲོང་ཁྱེར་གྱི་ཆུ་ལོག་ས་གཤིས་གནོད་འཚེ་བཀག་འགོག་བྱེད་པའི་གནམ་གཤིས་འགན་སྲུང་དཔེ་སྟོན་རྟེན་གཞི་མྱུར་དུ་འཛུགས་སྐྲུན་བྱེད་པ། གནམ་གཤིས་ལྟ་ཞིབ་ནུས་པ་མཐོར་འདེགས་གཏོང་བ་དང་། ཟི་ལིང་གི་གནམ་གཤིས་རཱ་ཏར་འཕྲུལ་ཆས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་རིམ་སྤར་བསྒྱུར་བཀོད་བྱེད་པ། སྟེགས་བུ་འཛུགས་སྐྲུན་དང་མི་སྣ་གསོ་སྦྱོང་བྱས་ནས། ས་གནས་དང་རྫོང་སྲིད་གཞུང་གི་གནམ་གཤིས་གནོད་འཚེ་འགོག་སྐྱོབ་ཐད་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། ཡུལ་གནས་མི་འདྲ་སའི་དགོས་མཁོ་ལ་རྒྱབ་རྟེན་ནས། ཇུས་ཆོད་དང་ལས་རིགས། སྤྱི་དམངས་སོགས་སྡེ་ཁག་དང་མི་ཚོགས་གཞི་འཛིན་ས་རུ་བྱས་པའི་གནམ་གཤིས་ཞབས་ཞུ་སྤེལ་བ་དང་། གནོད་གཡོལ་ཕན་བརྩོན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ཁྱོན་ཡོངས་ནས་ཟི་ལིང་གྲོང་ཁྱེར་གྱི་བཅོས་སྐྱོང་དང་ནམ་ཟླ། ལྗང་མདོག་ཐོན་ལས། ཐཱན་དམའ་འཚོ་བ་སོགས་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱས་ཏེ། ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་རོགས་འདེགས་དང་འགན་སྲུང་བྱེད་དགོས་པ་གཏན་ཁེལ་གསལ་བོ་བྱས་ཡོད།
རིན་ཆེན་མཚོས་བསྒྱུར།