མཚོ་སྔོན་གྱིས་མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས།
2022.10.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་པའི་ཚེས་བཅུ་ཉིན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ནས་ལོ་གཅིག་འཁོར་བའི་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཟི་ལིང་ནས་བསྡུས། ལོ་གཅིག་རིང་ལ། མཚོ་སྔོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དེ་རྨང་གཞི་འདིངས་པ་ནས་སྤུས་ཚད་མཐོར་འདེགས་གཏོང་བར་བསྒྱུར་བ་དང་། ལམ་ལུགས་འཛུགས་སྐྲུན་ནས་སྲ་བརྟན་འཐུས་ཚང་དུ་གཏོང་བར་བསྒྱུར་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་བགྲོད་ལམ་རྒྱ་སྐྱེད།

ལོ་གཅིག་རིང་ལ། མཚོ་སྔོན་གྱིས་རྒྱུན་མཐུད་ངང་རྒྱལ་ཁབ་སྤྱི་གླིང་དོ་དམ་སྒྲིག་གཞི་འཐུས་ཚང་དུ་བཏང་བ་དང་། རྒྱལ་ཁབ་སྤྱི་གླིང་ཁྲིམས་སྲོལ་སྲིད་ཇུས་མ་ལག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ལ། རྩོལ་ནུས་ཁུལ་བགོ་དང་ཁྱབ་ཁོངས་ལེགས་བསྒྱུར་ལེགས་སྒྲིག་བྱས་པ་དང་། རི་སྐྱེས་རི་དྭགས་འཚོ་སྡོད་བྱེད་ས་ཚང་མ་དཀྱིལ་སྙིང་སྲུང་སྐྱོབ་ཁུལ་ཁྲོད་བཞག་ལ། ཁུལ་ཁོངས་ཀྱི་རྒྱ་ཁྱོན་དེ་ཚོད་ལྟའི་སྐབས་ཀྱི་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་གཉིས་ལྷག་ནས་སྤྱི་ལེ་གྲུ་བཞི་མ་འབུམ་གཅིག་དང་ཁྲི་དགུ་ལྷག་ལ་རྒྱ་སྐྱེད། སྐྱེ་ཁམས་མ་ལག་རྒྱུན་མཐུད་ངང་སྲུང་སྐྱོབ་སླར་གསོ་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་དར་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་སླར་གསོ་ལ་ཤུགས་བསྣན་ནས། ཀྲུང་ཧྭའི་ཆུ་མཛོད་སྲ་བརྟན་དུ་གཏོང་བར་ཁག་ཐེག་བྱས། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ཀྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱས་པ་དང་། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་གི་མཐུན་སྦྱོར་མངོན་འགྱུར་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་ལས་ཀྱི་དཔེ་མཚོན་འཛུགས་སྐྲུན་བྱས།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དེས། འབྲུག་དགུས་ཆུ་བཅོས་ཀྱི་དཀའ་གནད་ཐག་བཅད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་བཅོས་སྐྱོང་མ་དཔེ་འཚོལ་ཞིབ་བྱས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། རྒྱལ་ཁབ་ཀྱི་དཔྱད་འཇོག་ཞིབ་དཔྱད་བྱས་པ་བརྒྱུད་དེ། སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བརྟན་པོ་བཏིངས། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བ་དངོས་སུ་ལག་བསྟར་བྱེད་འགོ་བརྩམས་པ་དང་། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་སྔོན་གྱི་བྱ་བའི་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ལ། མཚོ་སྔོན་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་བཞིན་པའི་ཞིང་ཆེན་དུ་གཅིག་པུར་གྱུར་ནས། མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་རྨང་གཞི་བཟང་བོ་བཏིངས། དེ་དང་མཉམ་དུ། རྒྱལ་ཡོངས་ནས་སྔོན་དུ་རང་བྱུང་སྲུང་སྐྱོབ་ས་ཆའི་བརྟག་བཤེར་དཔྱད་འཇོག་དང་ལེགས་བསྡུས་ལེགས་བསྒྱུར་ཡོངས་འགྲུབ་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཆས་རྒྱལ་ཁོངས་ཀྱི་རྒྱ་ཁྱོན་ཟིན་པའི་བསྡུར་ཚད་བརྒྱ་ཆའི་སོ་བརྒྱ་ལྷག་ཇེ་མཐོར་སོང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། རབ་མཛེས་མཚོ་སྔོན་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་དོ་སྣང་བྱེད་སར་གྱུར་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་དང་མདོ་ལ་རི་བོ། མཚོ་སྔོན་པོ་བཅས་རིམ་པ་བཞིན་མཚོ་སྔོན་གྱི་མིང་བྱང་གྲགས་ཅན་དང་ཕྱི་ཕྱོགས་སྒོ་འབྱེད་ཀྱི་མིང་བྱང་གྲགས་ཅན་དུ་གྱུར།

རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་དུ་བསྡོམས་པས་ནགས་ཚལ་དང་རྩྭ་ཐང་། བརླན་སའི་སྐྱེ་ཁམས་དོ་སྲུང་སྤྱི་ཕན་ལས་རྐང་འབུམ་གཅིག་དང་ཁྲི་བཞི་སྟོང་ལྔ་དང་བརྒྱ་བཙུགས་ཡོད་པ་དང་། ལོ་རེར་མང་ཚོགས་ལ་ནགས་ཚལ་དང་བརླན་ས། རྨོ་བསྐྱུར་སྡོང་འཛུགས་དང་རྨོ་བསྐྱུར་རྩྭ་གསོ་སོགས་རིགས་མི་འདྲ་བའི་སྐྱེ་ཁམས་ཁ་གསབ་སྒོར་ཐེར་འབུམ་གཅིག་ཡན་བྱིན་ལ། སྐྱེ་ཁམས་བྱེད་ནུས་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་ཐད་ཀྱི་ཁ་གསབ་ལོངས་སྤྱོད་བྱེད་ཐུབ་པ་བྱུང་། ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཐོན་ཁུངས་བེད་སྤྱོད་པ་དང་། ས་བབ་དང་བསྟུན་ནས་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་དང་སྐྱེ་ཁམས་གནས་སྐོར། ནགས་ཚལ་དཔལ་འབྱོར། ནགས་རྩྭའི་སོན་བཟང་། ཀྲུང་ལུགས་དང་གསོ་རིགས་སྨན་རྫས། བོད་ཇ། རྩྭའི་ཐོན་ལས་སོགས་ཐོན་ལས་གཙོ་བོ་འཕེལ་རྒྱས་སུ་བཏང་བ་དང་། རྒྱལ་ཡོངས་ཀྱི་ཆེས་ཆེ་བའི་སྐྱེ་ལྡན་འཕང་འབྲས་ཐོན་སྐྱེད་རྟེན་གཞི་དང་། ནུབ་རྒྱུད་ས་ཁུལ་གྱི་ལྕ་བ་དང་སྲད་མའི་ཐོན་སྐྱེད་ས་ཆ་བཙུགས་ཏེ། མི་དམངས་ཀྱིས་སྐྱེ་ཁམས་ཐད་ཀྱི་ཁེ་སྤོགས་སྔར་ལས་མང་པོ་ལོངས་སྤྱོད་བྱེད་ཐུབ་པར་བྱས་པ་དང་། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱས།

རིན་ཆེན་མཚོས་བསྒྱུར།