རྐང་ཚ་རྫོང་གིས་སྐབས་དང་པོའི་མཚོ་སྔོན་པོའི་རྩྭ་ཐང་དགུན་ཤའི་དུས་ཆེན་གྱི་བྱ་འགུལ་སྤེལ།
ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ལོ་ལེགས་རྒྱས། དར་སྤེལ་བྱེད་ཅེས་པ་བརྗོད་གཞི་བྱས་པའི་ཉིས་སྟོང་ཉེར་གཉིས་ལོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཚམས་སྦྱོར་ཚོགས་འདུ་དང་སྐབས་དང་པོའི་མཚོ་སྔོན་པོའི་རྩྭ་ཐང་དགུན་ཤའི་དུས་ཆེན་གྱི་བྱ་འགུལ་སྤེལ་ཏེ། སྲིད་གཞུང་གི་རྒྱབ་སྐྱོར་དང་ཁེ་ལས་ཀྱིས་དར་སྤེལ་བྱེད་པའི་བྱེད་ཐབས་སྤྱད་ནས་རྩ་འཛུགས་སྒོས་ཐོན་འཚོང་འབྲེལ་མཐུད་ཀྱི་བྱ་འགུལ་སྤེལ་བ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པའི་འགག་སྒོ་གཏོར་ནས་རོང་འབྲོག་མང་ཚོགས་ཀྱི་ཡོངས་འབབ་རྒྱུན་མཐུད་བརྟན་པོ་ཡོང་བར་སྐུལ་འདེད་བཏང་།
ནོར་ལུག་དང་ནོར་ལུག་ཤ། འོ་ཆང་། སྦྲང་རྩིའི་ཐོན་རྫས། ཁུ་ལུའི་ཐོན་རྫས། འོ་སྤྲིའི་ཐོན་རྫས་སོགས་སྐད་གྲགས་ཆེ་ཞིང་ཕུལ་དུ་བྱུང་བའི་ཞིང་ཕྱུགས་ཐོན་རྫས་རིགས་སྣ་ཉི་ཤུ་ལྷག་མཚམས་སྦྱོར་ཚོགས་འདུའི་སྟེང་ཁྱེར་ཡོང་ཡོད་ལ། ཡུལ་དངོས་སུ་ནོར་ལུག་ཤའི་ཉོ་འཚོང་གྲོས་མཐུན་ལྔ་བཀོད་པ་དང་། ཕྱུགས་ལས་ཐོན་རྫས་ཀྱི་ལས་སྣོན་ཐོན་སྐྱེད་བྱ་རིམ་ཁག་གཉིས་ནང་འདྲེན་བྱས ། གྲོས་མཐུན་གྱི་སྤྱིའི་མ་དངུལ་སྒོར་བྱེ་བ་དྲུག་ལ་སླེབས་པ་དང་། ནོར་ལུག་སྟོང་བདུན་དྲུག་བརྒྱ་གྱ་གསུམ་ལ་ཉོ་འཚོང་ཐོ་འགོད་གན་རྒྱ་བཞག་ནས་ཉོ་འཚོང་སྤྱིའི་རིན་འབོར་སྒོར་བྱེ་བ་གཅིག་དང་ས་ཡ་གསུམ་འབུམ་དགུ་ཁྲི་གསུམ་དང་སྟོང་གཉིས་སུམ་བརྒྱར་སླེབས། ནོར་ལུག་ཤ་ཏུན་སོ་གཅིག་དང་གྲངས་ཆུང་ལྔ་གསུམ་ཐོ་འགོད་བྱས་ཏེ་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་འབུམ་དྲུག་ཁྲི་དགུ་དང་བདུན་སྟོང་ཉིས་བརྒྱར་སླེབས། རྐང་ཚ་རྫོང་ཞིང་ཚོང་དངུལ་ཁང་དང་མཚོ་འཁྱིལ་ཡུལ་ཚོ་ཅིན་ཧྲན་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ཁེ་ལས་དངུལ་རྩའི་རྒྱབ་སྐྱོར་གྱི་སྒོར་བྱེ་བ་གཅིག་གི་དངུལ་བུན་གན་རྒྱ་བཞག
ཉེ་བའི་ལོ་འདི་འགར། རྐང་ཚ་རྫོང་གིས་ཕྱུགས་ལས་བརྟན་འཇགས་རྫོང་དེ་རྫོང་ཁོངས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་དུ་འགྱུར་བར་བྱས་ཏེ། སྤུས་འདེགས་དང་གྲངས་འབོར་བརྟན་སྲུང་། ཕྱིར་གཏོང་རྒྱ་སྐྱེད་སོགས་ཀྱི་འཕེལ་རྒྱས་ཐབས་ལམ་ལྟར། ནོར་ནག་དང་བོད་ལུག་སོགས་ཐོན་ལས་གཙོ་བོར་དམིགས་ནས་རོང་འབྲོག་ཁུལ་གྱི་བཅོས་སྒྱུར་བྱ་བ་མུ་མཐུད་གཏིང་ཟབ་དང་ཐོན་ལས་འཕེལ་རྒྱས་འཆར་འགོད་ཤུགས་དྲག་ཏུ་བཏང་ལ། ནོར་ནག་དང་བོད་ལུག་གི་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་སོ་དགུ་བཙུགས་པ་དང་། རིགས་སྣ་ཚོགས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཞེ་དྲུག་དང་ཁྱིམ་ཚང་ཞིང་ཕྱུགས་ར་བ་དོན་བཞི་གསོ་སྐྱོང་བྱས། སྟོང་ནོར་དང་སྟོང་ལུག་འཚོ་སྐྱོང་ར་བ་དང་མུའུ་སྟོང་ཅན་གྱི་གཟན་རྩྭ་ཐོན་སྐྱེད་རྟེན་གཞི་སོགས་ལས་གཉེར་སྐོར་ཞིག་སྤེལ་ཡོད་པས། བོད་མཁར་རྐང་ཚ་སོགས་ཀྱི་ཁུལ་ཁོངས་ཚོང་རྟགས་གྲགས་ཅན་གྱི་རིན་ཐང་སྔར་ལས་ཇེ་མཐོར་སོང་ཡོད།
རྐང་ཚ་རྫོང་གིས་དངུལ་གཏོང་ཁོར་ཡུག་མུ་མཐུད་ལེགས་སྒྱུར་བྱས་ཏེ་ཕན་ཡོད་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ས་ཚིགས་གཅིག་ཅན་གྱི་སྤུས་ལེགས་ཞབས་ཞུ་འདོན་སྤྲོད་བྱས་ཡོད་ལ། མཚོ་བྱང་ཁུལ་དེ་གྲོང་གསེབ་དར་སྤེལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་དཔེ་སྟོན་རྟེན་གཞིའི་རྣམ་གྲངས་ཐོག་མ་དང་། རྐང་ཚ་རྩྭ་ཐང་ཐཱན་འདུས་རྣམ་གྲངས་ཐོག་མ་ལག་བསྟར་བྱེད་སར་གྱུར་པས ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིང་གཏོང་བྱེད་སའི་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་བྱེད་པར་འདེགས་སྐྱོར་སྔར་ལས་བརྟན་པོ་ཆགས་ཡོད། ཐེངས་འདིའི་བྱ་འགུལ་སྤེལ་བ་བརྒྱུད། མཁོ་འཚོང་སྟེགས་བུ་བཙུགས་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྐོར་ཞིག་གཅིག་བསྡུས་ཀྱིས་མཚམས་སྦྱོར་དང་ ། ནོར་ལུག་ཤ་དང་ནོར་ལུག་ཚོང་རའི་འདོན་སྤྲོད་འབྲེལ་བ་ཇེ་བརྟན་དུ་བཏང་ནས་ཞིང་ཕྱུགས་ལས་རིགས་ཀྱི་ཕན་འབྲས་མཐོ་རུ་གཏོང་བ་དང་རོང་འབྲོག་པའི་ཡོངས་སྒོ་འཕར་བར་སྐུལ་འདེད་བཏང་།
རིག་འཛིན་སྒྲོལ་མས་བསྒྱུར།