མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།
2022.10.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་མཚོ་སྔོན་གྱི་ལོ་བཅུ་ཞེས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཆེད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་ཏང་ཨུའི་ཨུ་ཡོན། ཅུའུ་ཀྲང་གཞོན་པ་སུན་ལིས་ཅུན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ལོ་ལྔ་ལྷག་གི་ཚོད་ལྟ་འཚོལ་ཞིབ་དང་ལོ་གཅིག་ལྷག་གི་འཛུགས་སྐྲུན་ལག་ལེན་ལས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ལ་ཉམས་མྱོང་གསོག་པ་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་དཔེ་སྟོན་འདོན་སྤྲོད་བྱེད་པའི་འོས་འགན་གལ་ཆེན་ཡོངས་སུ་ལེགས་འགྲུབ་བྱས་པ་དང་། སྐྱེ་ཁམས་བདེ་འཇགས་རྣམ་པ་སྔར་ལས་སྲ་བརྟན་དུ་སོང་བ་དང་། སྐྱེ་ཁམས་ཁོར་ཡུག་གི་དྲ་ལམ་ལྟ་ཞིབ་བྱ་བ་ཉིན་རེར་ཇེ་ལེགས་སུ་སོང་ཞིང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱུང་སྟེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བར་ཁེ་བཟང་མང་པོ་མུ་མཐུད་འདོན་གྱིན་ཡོད།

ལོ་འདི་འགར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་ཆུ་མགོའི་ཆུ་གསོག་ཚད་ལོ་རེར་བརྒྱ་ཆའི་དྲུག་ཡན་འཕར་བ་དང་། རྩྭ་སའི་ཁེབས་ཚད་དང་རྩྭ་སྐྱེས་ཚད་ལོ་བཅུའི་སྔོན་དང་བསྡུར་ན་རིམ་བཞིན་བརྒྱ་ཆའི་བཅུ་གཅིག་དང་བརྒྱ་ཆའི་སུམ་ཅུའི་ཡན་ལ་སླེབས། རི་སྐྱེས་སྲོག་ཆགས་ཀྱི་རིགས་ཚོགས་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད་ལ། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པར་གཙོད་ཁྲི་གཉིས་མི་ལོན་པ་ནས་ཁྲི་བདུན་ལྷག་ལ་སླེབས། གཙོ་གནད་སྐྱེ་ཁམས་འཛུགས་སྐྲུན་བཟོ་སྐྲུན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྣམ་པ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བ་དང་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་ཉིན་བཞིན་ཇེ་ཆེར་སོང་།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་གཙོ་གནད་སྐྱེ་ཁམས་ས་ཁུལ་དུ་ཁེབས་པའི་གཞི་གཅིག་ཅན་གྱི་དྲ་ལམ་ལྟ་ཞིབ་མ་ལག་འཛུགས་སྐྲུན་བྱས། མཚེའུ་གལ་ཆེན་གྱི་སྐྱེ་ཁམས་ཕྱོགས་བསྡུས་ལྟ་ཞིབ་བཀོལ་སྤྱོད་མ་ལག་གི་འཛུགས་སྐྲུན་བྱ་བ་སྤེལ་བ་དང་། བསོད་ནམས་དར་རྒྱས་སྲུང་སྐྱོབ་ས་ཚིགས་ཉེ་འཁོར་གྱི་སྤྱི་ལེ་གྲུ་བཞི་མ་དྲུག་བརྒྱའི་མཚམས་སུ་དུས་ཚོད་ཉེར་བཞིའི་རིང་བརྙན་རིས་བརྒྱུད་དེ་རྒྱང་རིང་ནས་ལྟ་རྟོག་བྱེད་པ་དང་གཞི་གྲངས་བརྟན་འཇགས་བརྒྱུད་འདྲེན་བྱེད་པ་མངོན་འགྱུར་བྱས་ཏེ། ཚད་གཞི་དང་སྤུས་ཚད་མཐོ་བའི་སྒོ་ནས་ཨ་ཆེན་གངས་རྒྱབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་ལྟ་ཞིབ་དང་བཅོས་སྐྱོང་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ཀྱི་མ་གཞིར་ཞིབ་བཤེར་བྱ་བ་སྤེལ་ནས་ཐོན་ཁུངས་མ་གཞིའི་གཞི་གྲངས་སྟེགས་བུ་བཙུགས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རི་སྐྱེས་སྲོག་ཆགས་ཀྱི་མ་གཞིར་ཞིབ་བཤེར་བྱས་པའི་བྱ་བའི་སྙན་ཞུ་ཡོངས་འགྲུབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐམ་སའི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་རིགས་སྣའི་མིང་ཐོ་ཐོག་མ་གྲུབ།  གཙོད་སོགས་ཁྱད་ལྡན་རི་དྭགས་རིགས་དང་ཟེར་མོ་དང་གླག་སོགས་འདབ་ཆགས་རིགས་འཚོ་སྡོད་བྱེད་སའི་དཔེ་མཚོན་རི་མོ་ཞིབ་ཏུ་བྲིས།

སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་བྱ་བའི་མཉམ་རྒྱལ་ལམ་བུ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་སྒྲིག་ཆས་འཛུགས་སྐྲུན་བྱ་བ་བྱེད་ཐབས་སྣ་མང་གིས་ལག་བསྟར་བྱས་པས། སྐྱེ་ཁམས་དང་འཚོ་བ། ཐོན་སྐྱེད་བཅས་མཉམ་རྒྱལ་གྱི་རྣམ་པ་བཟང་པོ་མངོན་འགྱུར་བྱུང་། དུད་ཁྱིམ་གཅིག་ལ་ལས་གནས་གཅིག་གི་སྐྱེ་ཁམས་དོ་སྲུང་བྱ་བའི་སྤྱི་ཕན་ལས་གནས་རྐྱེན་སྲོལ་གསར་དུ་བཙུགས་ནས་འབྲོག་དམངས་ཁྲི་གཅིག་སྟོང་བདུན་ཉིས་བརྒྱ་དཔང་ཡིག་བཟུང་ནས་ལས་གནས་སྟེང་ཞུགས་པ་དང་། སྤྱི་གླིང་ས་ཁུལ་གྱི་སྲིད་འཛིན་སྡེ་བ་ང་གསུམ་ནས་སྡེ་བ་རིམ་པའི་སྐྱེ་ཁམས་སྲུང་སྐྱོབ་ཆེད་ལས་མཐུན་ཚོགས་བཙུགས་ནས་དབུལ་སེལ་ལས་ཞུགས་བྱ་བར་སྐུལ་འདེད་བཏང་།  སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཧུར་ཐག་གིས་འཕེལ་རྒྱས་སུ་བཏང་ནས་འབྲོག་པ་མང་ཚོགས་ལ་རྒྱབ་སྐྱོར་སྣེ་ཁྲིད་བྱས་ཏེ་མ་རྐང་འཇོག་པ་དང་། ལས་གཉེར་མཉམ་ལས་སོགས་ཀྱི་རྣམ་པ་སྣ་ཚོགས་པས་ཁྱིམ་གཉེར་མགྲོན་ཁང་དང་། འབྲོག་པའི་སྤྲོ་སྐྱིད་གླིང་། མི་རིགས་རིག་གནས་འཁྲབ་སྟོན་སོགས་གཉེར་ཏེ། མང་ཚོགས་ལ་ཡུན་རིང་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་བྱས། རྫ་ཆུའི་རྣམ་སྲས་གྲོག་རོང་ཆེན་མོ་དང་རྨ་ཆུའི་རྨ་སྟོད་དམིགས་བསལ་ལས་གཉེར་ཚོད་ལྟའི་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ས་གནས་འབྲོག་པའི་ལས་ཞུགས་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།