ཟླ་བཅུ་པའི་ཚེས་བཅུ་གསུམ་ཉིན་ནི་ཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་བཙུགས་ནས་ལོ་དོན་གསུམ་འཁོར་བའི་རྗེས་དྲན་ཉིན་མོ་ཡིན་པ་དང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ན་ཆུང་གདོང་ལེན་རུ་ཁག་བྱ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ན་ཆུང་གདོང་ལེན་རུ་མིས་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་དང་། འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲངས་པ་བརྗོད་དོན་དུ་བྱས་པ་དང་། རྩ་འཛུགས་ཅན་གྱི་སྐུལ་སློང་དང་དྲ་ཐོག་ཡུལ་དངོས་ཟུང་འབྲེལ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ། རུ་མི་ཡོངས་རྩ་འཛུགས་བྱས་ནས་རྣམ་པ་མང་པ་དང་ནང་དོན་ཕུན་སུམ་ཚོགས་པའི་མུ་འབྲེལ་བྱ་འགུལ་ཁྲོད་ཞུགས་སུ་བཅུག་པ་དང་། རྒྱ་ཆེའི་ན་ཆུང་གདོང་ལེན་རུ་མིས་རྒྱལ་ཁབ་ཀྱི་གྲུབ་འབྲས་འགྱུར་ལྡོག་མྱོང་བར་སྣེ་ཁྲིད་བྱས་ལ། ན་ཆུང་གདོང་ལེན་རུ་མིས་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། གདེང་ལེན་རུ་ཁག་གི་དར་ཆ་མཐོན་པོར་སྒྲེང་ནས་ཏང་གི་རྗེས་སུ་འབྲངས་པའི་བརྩེ་སེམས་ཟབ་མོ་ཕྱོགས་གཅིག་ཏུ་བསྡུས།
ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སློབ་གྲྭ་སོ་སོའི་ན་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་བརྗོད་དོན་རུ་ཁག་གི་གྲོས་ཚོགས་དང་རུ་ཁག་གི་སློབ་ཁྲིད། རུ་ཁག་ཉིན་མོའི་བྱ་འགུལ། རུ་མི་གསར་བ་རུ་ཁག་ལ་ཞུགས་པའི་མཛད་སྒོ། རུ་ཁག་ལ་ཞུགས་སྐབས་ཀྱི་དམ་བཅའ་ཡང་བསྐྱར་འཇོག་པ། དྲ་ཐོག་གི་བརྗོད་དོན་རུ་ཁག་གི་སློབ་ཁྲིད་སློབ་སྦྱོང་ལ་ཞུགས་པ། ཏང་དང་གུང་གཞོན་ཚོགས་པ། ན་ཆུང་གདོང་ལེན་རུ་ཁག་གི་འདུ་ཤེས་སློབ་གསོ་རྒྱུན་མཐུད་ངང་སྤེལ་བ་བཅས་ནི། ན་ཆུང་གདོང་ལེན་རུ་མིས་ཏང་དང་གུང་གཞོན་ཚོགས་པ་དང་ན་ཆུང་གདོང་ལེན་རུ་ཁག་བར་གྱི་ཁྲག་རྒྱུན་འདྲེས་པ་ལྟ་བུའི་འབྲེལ་བའི་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཆུང་དུས་ནས་ན་ཆུང་གདོང་ལེན་རུ་ཁག་ལ་ཞུགས་པ་དང་གུང་གཞོན་ཚོགས་པར་ཞུགས་པ། ཏང་ནང་དུ་ཞུགས་པ་ནི་མི་ཚེའི་བརྒྱུད་རིམ་གལ་ཆེན་གསུམ་ཡིན་པའི་ཕུགས་འདུན་ཡིད་རྟོན་གྲུབ་པར་བྱེད་པ་དང་། རུ་མིའི་རུ་ཁག་ལ་ཞུགབས་སྐབས་ཀྱི་ཐོག་མའི་བསམ་འདུན་མི་བརྗེད་པར་སྣེ་ཁྲིད་བྱེད་པ། འགན་འཁྲི་ཡིད་ལ་དམ་པོར་འཛིན་པ་བཅས་བྱས་ནས། དུས་ནམ་ཡང་གུང་ཁྲན་རིང་ལུགས་ཀྱི་ལས་དོན་ཐད་སྟོབས་ཤུགས་འབུལ་རྒྱུར་གྲ་སྒྲིག་བྱེད་རྒྱུའི་འབོད་སྐུལ་བཏང་། ཞིང་ཆེན་ཡོངས་ཀྱི་ན་ཆུང་གདོང་ལེན་རུ་མི་འབུམ་གཉིས་ཙམ་ཁྱིམ་བདག་གི་རོགས་རམ་འོག་ཏུ། མཚོ་སྔོན་གྱི་ན་ཆུང་གདོང་ལེན་རུ་ཁག་གི་སྐད་འཕྲིན་སྤྱི་སྟེགས་ཀྱིས་བསྒྲུབས་པའི་དྲ་ཐོག་གི་ན་ཆུང་གདོང་ལེན་རུ་ཁག་གི་ཤེས་བྱ་སློབ་སྦྱོང་དང་མིང་འགོད་བྱ་འགུལ་ལ་ཞུགས།