མགོ་ལོག་ཁུལ་གྱིས་ཏང་འཛུགས་བྱ་བར་རྨང་གཞི་བརྟན་པོ་བཏིངས།
2022.10.16 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 61

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་རབས་གསར་པའི་ཏང་འཛུགས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དངོས་འབེབས་བྱས་ནས། རང་སྟེང་གི་འཛུགས་སྐྲུན་རྒྱུན་མཐུད་ངང་ཇེ་དྲག་ཏུ་བཏང་བ་དང་། སྲུང་སྐྱོང་གཉིས་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་སྔར་ལས་མཐོན་པོ་དང་ཁུལ་ཡོངས་ཀྱི་གཞི་རིམ་ཏང་འཛུགས་བྱ་བའི་ཚན་རིག་རང་བཞིན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་བར་མ་ཟད། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དང་དངོས་འབེབས་བྱེད་པའི་འགུལ་སྐྱོད་སྔར་ལས་ཕན་འབྲས་ལྡན་པར་བྱས་ཏེ། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་།

ལོ་བཅུའི་རིང་ལ། མགོ་ལོག་ཁུལ་གྱིས་ཏང་འཛུགས་བྱ་བའི་དཀའ་གནད་གནད་དོན་གསལ་བོར་བཙལ་ཏེ་རྣམ་གྲངས་ཀྱིས་དཀའ་གནད་སེལ་བའི་བྱེད་ཐབས་སྤྱད་དེ་སྔ་གཞུག་ཏུ་རྩ་འཛུགས་སྒོས་ཏང་འཛུགས་རྣམ་གྲངས་བདུན་ལག་བསྟར་བྱས་པ་དང་། ལས་ཁུངས་ཀྱི་ཏང་ཡོན་མཐུན་སྒྲིལ་དམ་པོ་དང་གཞི་རིམ་ཏང་འཛུགས་སྐོར་སྐྱོད་ལམ་ལུགས། ཏང་ཡོན་དབུལ་ཐར་དཔེ་སྟོན་ཁྱིམ་ཚང་སོགས་ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཏང་འཛུགས་ཀྱི་མཚན་སྙན་བསྐྲུན་ནས་རྒྱ་སྐྱེད་བཏང་ལ། དེའི་ནང་གཞི་རིམ་ཏང་འཛུགས་ཀྱི་སྐོར་སྐྱོད་བྱ་བའི་ལམ་ལུགས་ལ་རྒྱལ་ཡོངས་གཞི་རིམ་ཏང་འཛུགས་བྱ་བའི་ཕུལ་བྱུང་གསར་གཏོད་དཔེ་གཞི་ཞེས་པའི་བྱ་དགའ་ཐོབ། དུས་མཉམ་དུ་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས་ལ་ཤུགས་བསྣན་ནས། ཏང་ཡོན་གྱི་ཉིན་རྒྱུན་གྱི་དོ་དམ་ཇེ་དྲག་ཏུ་བཏང་བ་དང་། ཁྱབ་ཁོངས་ཧྲིལ་བོ་ནས་ཇེ་དམ་དང་ཁུལ་ཁོངས་ཡོངས་ནས་མཐོར་འདེགས་གཏོང་བ་མངོན་འགྱུར་བྱས་ལ། ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་བརྒྱད་བརྒྱ་དང་དྲུག་ཅུའི་ཏང་ཡོན་ཁྲི་གཅིག་དང་སྟོང་གསུམ་ཉིས་བརྒྱ་དོན་བདུན་ལས་དོན་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་པར་གྱུར།

ལོ་བཅུའི་རིང་། མགོ་ལོག་ཁུལ་གྱིས་ཆབ་སྲིད་ཀྱི་ཚད་གཞི་འབུར་ཐོན་དུ་བྱས་ཤིང་ཡང་དག་པའི་མི་བཀོལ་ཁྲིད་ཕྱོགས་དང་སྤྱོད་ཡོན་གཉིས་ལྡན་གྱི་མི་བཀོལ་ཚད་གཞི་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པ་འདེམ་བསྐོ་བྱ་བའི་བརྒྱུད་རིམ་ཧྲིལ་བོ་ཟིན་ཐོར་འགོད་པ་དང་། ནུས་པ་ཅན་ཡར་འཐེན་པ་དང་ནུས་མེད་འདོར་བར་སྐུལ་འདེད་བཏང་བས་ལས་བྱེད་པའི་འདེམ་བསྐོ་བྱ་བར་མང་ཚོགས་ཀྱི་ཁས་ལེན་ཐོབ། ལྷག་པར་དུ་ཉིས་སྟོང་ཉེར་གཅིག་ལོར་ཁུལ་དང་རྫོང་། ཡུལ་ཚོ་དང་སྡེ་བ་རིམ་པའི་སྐབས་བརྗེ་འདེམ་བསྐོ་བྱ་བའི་འདེམ་མི་སོ་སོར་འདེམ་ཤོག་ཚང་མ་ཐོབ་པ་མངོན་འགྱུར་བྱུང་།

ལོ་བཅུའི་རིང་མགོ་ལོག་ཁུལ་གྱིས་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ནན་དཀྲི་བྱས་ཏེ། མགོ་ཁྲིད་ལས་བྱེད་པའི་ལས་རྐང་གཅིག་ལ་འགན་འཁྲི་གཉིས་ཀྱི་ལམ་ལུགས་དངོས་སུ་ལག་བསྟར་བྱས་པ་དང་། ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲིའི་མ་ལག་མུ་མཐུད་འཐུས་ཚང་དུ་བཏང་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་ལས་ཇེ་དམ་ཚད་ལྡན་དུ་བཏང་ནས་ཚན་ཁག་སོ་སོའི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན།

ལོ་བཅུའི་རིང་། མགོ་ལོག་ཁུལ་གྱིས་ཏང་གི་འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་ལ་ཤུགས་བསྣན་ཏེ། མཚོ་སྔོན་གྱི་རྒྱང་སྐྱོད་སྙིང་སྟོབས་རྒྱུན་འཛིན་སློབ་གསོའི་རྟེན་གཞི་དང་། མགོ་ལོག་ཞི་བའི་བཅིངས་འགྲོལ་བྱས་པ་དང་སྲིད་འཛུགས་རྗེས་དྲན་རྡོ་རིང་། མགོ་ལོག་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་སོགས་ས་གནས་ཀྱི་དམར་པོའི་སློབ་གསོའི་ཐོན་ཁུངས་ཀྱི་མི་སྐྱོང་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་ཆེན་པོ་བྱས་པས། ཏང་གི་བཀའ་དྲིན་དྲན་པ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་རྒྱུ་དེ་མགོ་ལོག་ལས་བྱེད་མང་ཚོགས་ཀྱི་ཐུན་མོང་འདུ་ཤེས་དང་འགུལ་སྐྱོད་རང་རྟོགས་སུ་གྱུར་ཡོད།

རིག་འཛིན་སྒྲོལ་མས་བསྒྱུར།