བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་ཧུར་ཐག་གིས་མདུན་སྐྱོད་བྱེད། ——ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་།
སྔོན་འགྲོའི་གཏམ། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་གནད་འགག་གི་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་ཡིན་ལ། མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་ཡུན་དེ་ལས་རིང་བོའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་གྱི་དམིགས་འབེན་ལས་འགན་དང་སྲིད་ཇུས་བྱེད་ཕྱོགས་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱ་རྒྱུ་ཡིན་ཞིང་། དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཛིན་སྐྱོང་དང་འབྲེལ་ཡོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་སྐྱོད་ལས་དབང་དང་འབྲེལ་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་ཡོད།
ཞིན་ཧྭ་གསར་འགྱུར་ཁང་གིས་ཟླ10པའི་ཚེས་བཅུ་དྲུག་ཉིན་ནས་བཟུང་ཚོགས་ཆེན་ཉི་ཤུ་པ་ཆེད་གླེང་ཞེས་པའི་ཆེད་སྒྲིག་ལེ་ཚན་ཆུང་ཆུང་ཞིག་བཀོད་སྒྲིག་བྱས་ཏེ། ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པར་བཟུང་བའི་ལྟ་ཚུལ་ཕྱོགས་ཡོངས་ནས་མཚོན་རྒྱུ་ཡིན་ལ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་ཏང་ལ་དགའ་ཞེན་དང་ཏང་སྲུང་སྐྱོབ་བྱེད་པ་དང་ཏང་གི་རྗེས་སུ་འབྲངས་པའི་ཐད་འཛིན་པའི་ཆོད་སེམས་བརྟན་པོ་དང་། རྒྱལ་ཁབ་ཀྱི་དར་རྒྱས་དང་། བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་བཅངས་པའི་ཡིད་ཆེས་ཆེན་པོ་མངོན་པརམཚོན་རྒྱུ་རེད།
འདས་སོང་དང་ད་ལྟ། མ་འོངས་བཅས་གཞི་གཅིག་ཏུ་འདྲེས་པའི་དུས་བཟང་སྟེ། ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་པའི་ཚེས་བཅུ་དྲུག་ཉིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་གཟབ་རྒྱས་ངང་ཚོགས་མགོ་བརྩམས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ་སྙན་ཞུ་ཕུལ།
རང་ཉིད་ཀྱི་བྱ་བའི་ལས་གནས་སྟེང་འབད་འཐབ་བྱེད་བཞིན་པའི་ས་ཆ་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལང་ལོང་སྒོས་བསྟན་དོན། ལོ་བཅུའི་རིང་གི་གྲུབ་འབྲས་ཀྱིས་དགའ་བ་འཕེལ་བར་བྱེད་པ་དང་རླབས་ཆེན་དམིགས་འབེན་གྱིས་སེམས་ཤུགས་བསྐྱེད་པར་བྱེད་ལ། སྐྱོད་ལམ་གསར་པའི་སྟེང་དུ་ངར་སེམས་ཆེར་སྐྱེད་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྔར་ལས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།
ཉིས་སྟོང་ཉེར་གཉིས་ལོའི་སྟོན་ཟླ་བཅུ་པར། ཀྲུང་ཧྭ་མི་རིགས་གནད་འགག་འགྲུལ་བཞུད་ཀྱི་གནད་འགག་ས་ཚིགས་སུ་སླེབས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རླབས་ཆེན་གྲུབ་འབྲས་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་བློས་བཏང་ནས་བླངས་པ་དང་། བསྒྲུབས་ནས་བླངས་ཤིང་། འབད་འཐབ་བྱས་ཏེ་བླངས་པ་ཡིན་ཞེས་པའི་གསལ་ཞིང་དག་པའི་་གསུང་སྐད་དེ་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁྱབ།
དགུང་ལོ་གོ་གསུམ་ཅན་གྱི་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་ཐོབ་མཁན་སུན་ཅ་ཏུང་གིས་ལོ་བཅུ་པོ་འདིའི་རིང་ལ། ང་ཚོས་མི་སེམས་ལ་གཡོ་སྐྱོམ་གཏོང་བའི་ཤར་ཕྱོགས་ཀྱི་ཁྱད་མཚར་བསྐྲུན་ཡོད། ལྷག་པར་དུ་ཀྲུང་་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་ཞུགས་པའི་ཐད་བླངས་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱིས་ཚང་མའི་བགྲོད་ལམ་རང་རྟོན་སྔར་ལས་ཇེ་བརྟན་དུ་བཏང་སོང་ཞེས་རང་གི་མྱོང་བ་ཟབ་མོ་བཤད་སོང་།
ཟླ10པའི་ཚེས16ཉིན། ཧུའུ་ནན་ཞིང་ཆེན་ཞང་ཞི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཁུལ་ཧྭ་ཡོན་རྫོང་ཧྲོང་ལུང་གྲོང་རྡལ་ཧྲི་པ་ཏུང་སྡེ་བ་རུ། སྡེ་མི་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་གནས་ཚུལ་ལ་ལྟ་བཞིན་པ།
གནད་འཁེལ་དབུལ་སྐྱོར་བྱེད་ཡུལ་གྱི་ས་གནས་ཐོག་མའི་གྲས་སུ་ཚུད་པའི་ཧུའུ་ནན་ཞིང་ཆེན་ཞང་ཞི་ཐུའུ་ཅ་རིགས་མེའོ་རིགས་རང་སྐྱོང་ཁུལ་ཧྭ་ཡོན་རྫོང་ཧྲི་པ་ཏོང་སྡེ་བས་ཧ་ཅང་དབུལ་ཞིང་ཕོངས་པ་ནས་སྤུས་ཚད་མཐོ་བའི་དབུལ་ཐར་བྱས་པ་དང་། དེ་ནས་གྲོང་གསེབ་དར་སྤེལ་གྱི་སྐྱོད་ལམ་གསར་པར་ཞུགས་པའི་འཕོ་འགྱུར་ཆེན་པོ་མངོན་འགྱུར་བྱས་ཡོད།
ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། མེའོ་རིགས་ཀྱི་ལྭ་བ་གྱོན་པའི་ས་དེའི་ཡུལ་མི་ཚོས་རྫོང་དང་ཡུལ་ཚོའི་ཏང་ཡོན་ལས་བྱེད་སོགས་དང་མཉམ་དུ། སྡེ་བ་དེ་རུ་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་པའི་གནས་ཚུལ་ཐད་གཏོང་ལ་ལྟ་བཞིན་ཡོད།
དབུལ་ཐར་ནི་མཇུག་བསྒྲིལ་ས་མིན་པར་འཚོ་བ་གསར་པའི་མགོ་རྩོམ་ས་ཡིན་ཟེར་བ་བཞིན་དུ། ཧྲི་པ་ཏོང་སྡེ་བའི་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་ཧྲི་ཁང་གིས་མ་འོངས་པའི་ལོ་ལྔའི་ནང་དུ་སྡེ་བའི་གློག་ཚོང་ལས་དོན་གོང་དུ་སྤེལ་བར་འཆར་གཞི་འགོད་བཞིན་ཡོད། ཁོས་རྒྱལ་ཁབ་སྔར་ལས་སྟོབས་འབྱོར་ལྡན་པ་དང་ཡུལ་མི་ཚོའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར།
པེ་ཅིང་མཐུན་འགྲིག་སྨན་ཁང་གི་སྨན་ཁུལ་ཆེན་པོ་བཞིས་སྨན་བཅོས་སྨན་ཞབས་མི་སྣ་སྟོང་གཅིག་ལྷག་རྩ་འཛུགས་བྱས་ཏེ། ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་མགོ་རྩོམ་པའི་གནས་ཚུལ་ཐད་གཏོང་ལ་བལྟས།
མཐུན་འགྲིག་སྨན་ཁང་དུ་བྱ་བ་བསྒྲུབས་ནས་ལོ་སུམ་ཅུ་ལྷག་འགོར་བའི་བུ་སྐྱེ་ཚན་ཁག་གི་ཀྲུའུ་རིན་ཀྲུའུ་ལན་གྱིས་སེམས་འགུལ་ཆེན་པོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱ་རྒྱུའི་རླབས་ཆེན་དཔེ་རིས་བཀོད་བྱུང་། ང་ཚོ་སྨན་བཅོས་ལས་དོན་པས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་མཆོག་གྱུར་གྱི་ལས་འགན་ཁུར་དུ་བླངས་ཡོད་ལ་འགན་ཁུར་ཧ་ཅང་ལྕི་བས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་དུས་རྟག་པར་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་དང་བརྩེ་བ། ནུས་ཤུགས་ཡོད་ཚད་བཏོན་ནས་མང་ཚོགས་ཀྱི་རེ་འདོད་ཅི་བཞིན་སྐོང་དགོས་ཟེར།
ཟླ10པའི་ཚེས16ཉིན། ཀྲུང་གོ་ཚོང་དོན་གནམ་གྲུ་ཧྲང་ཧེ་གནམ་གྲུ་གསར་བཟོ་ཚད་ཡོད་ཀུང་སིའི་འཁོར་ཁང་དུ་ལས་བཟོ་པ་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་མགོ་རྩོམ་པའི་གནས་ཚུལ་ལ་ལྟ་བཞིན་པ།
ཧྲང་ཧེ་ཀྲང་ཅང་ས་ཁུལ་དུ་ཡོད་པའི་ཀྲུང་གོ་ཚོང་ལས་གནམ་གྲུ་ཇུས་འགོད་གསར་སྤེལ་ལྟེ་གནས་སུ། མངགས་བཅོལ་ཡིད་ལ་འཛིན་པ་དང་འབད་འཐབ་ལྷོད་མེད་བྱས་ཏེ་དུས་རབས་གསར་པའི་གནམ་གྲུ་ཆེན་པོའི་ལས་དོན་གྱི་རྒྱལ་ཁ་གསར་པ་ལེན་དགོས་ཞེས་པའི་སྦྱར་ཡིག་བཀལ་ཡོད་པ་ལྷང་ངེར་གསལ།
C919རྟགས་ཅན་གྱི་གནམ་གྲུའི་སྤྱིའི་ཇུས་འགོད་པ་གཞོན་པ་ཀྲའོ་ཁི་ལེང་གིས་བློ་སྤོབས་ཆེན་པོས་བཤད་རྒྱུར། ཀྲུང་གོའི་གནམ་གྲུ་ཆེན་པོ་བར་སྣང་ཁམས་སུ་གཏོང་རྒྱུ་དེས་རྒྱལ་ཁབ་ཀྱི་འདོད་བློ་དང་མི་རིགས་ཀྱི་ཕུགས་བསམ། མི་དམངས་ཀྱི་རེ་སྒུག་བཅས་མཚོན་ཡོད། ང་ཚོས་དཀའ་བ་ཁྱད་དུ་སེལ་ཞིང་ཡུན་རིང་འབད་པ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་འཆར་འགོད་བྱས་པའི་རླབས་ཆེན་དཔེ་རིས་དེ་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་རྒྱུ་ཡིན་ཟེར།
བོད་ལྗོངས་ཀྱི་འགྲིམ་འགྲུལ་འགྱུར་ལྡོག་གིས་ཀྲུང་གོའི་བཟོ་སྐྲུན་འཛུགས་སྐྲུན་མགྱོགས་མྱུར་ངང་གོང་དུ་འཕེལ་བར་བདེན་དཔང་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུར་ཉན་རྗེས། ཕོ་ལོ་སོ་ལྔར་བུད་པའི་བོད་རིགས་འགུལ་འཁོར་ཁ་ལོ་བ་ཐོག་མ་བསོད་ནམས་དབང་གྲགས་ཀྱིས་རང་གི་མྱོང་ཚོར་ཟབ་མོ་གླེང་སྐབས། ཏང་གི་མགོ་ཁྲིད་འོག་ཏུ་མཐོ་སྒང་གི་ལྕགས་ལམ་གྱིས་ཕ་ཡུལ་གྱི་དཔལ་འབྱོར་གོང་འཕེལ་ལ་སྐུལ་ཁྲིད་བྱས་སོང་། ལོ་བཅུ་པོ་འདིའི་རིང་ལ། ངའི་ཕ་ཡུལ་དང་ང་རང་ཉིད་ཀྱི་འཚོ་བར་གནམ་ས་བློ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། དུས་རབས་གསར་པ་ཞིག་དངོས་སུ་མིག་གིས་མཐོང་ཞིང་སེམས་ཀྱིས་མྱོང་བ་འདི་ནི་ང་ཚོའི་བསོད་ནམས་རེད་ཟེར།
ལག་ལེན་ལས་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་ནི་མཐར་གཏུགས་ན་མར་ཁེ་སི་རིང་ལུགས་འཕེལ་བ་དང་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མ་ཁེ་སི་རིང་ལུགས་འཕེལ་བ་ར་སྤྲོད་བྱུང་ཡོད།
ཟླ10པའི་ཚེས16ཉིན། ཧྲང་ཧེ་གྲོང་ཁྱེར་གྱི་ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་དྲན་ཁང་གི་མདུན་དུ། བྱ་བ་སྒྲུབ་མཁན་དང་དང་བླངས་པ། ལྟད་མོ་བ་བཅས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་མགོ་རྩོམ་པའི་གནས་ཚུལ་ལ་ལྟ་བཞིན་པ།
ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་དྲན་ཁང་མདུན་རོལ་གྱི་ཐང་ཆེན་དུ། མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་མགོ་རྩོམ་པའི་ཐད་གཏོང་ལ་ལྟ་བའི་བྱ་འགུལ་སྤེལ། མི་མང་བོས་འགྲེམ་སྟོན་ཁང་དུ་འགྲེམ་སྟོན་ལ་བལྟས།
ཀྲུང་གུང་ཚོགས་ཆེན་དང་པོའི་རྗེས་དྲན་ཁང་གི་ཏང་ཨུའི་ཧྲུའུ་ཅི། རྗེས་དྲན་ཁང་གི་མགོ་བ་ཞུའེ་ཧྥིན་གྱིས་བཤད་རྒྱུར། ཧྲི་ཁུའུ་སྒོ་མོ་ཆེ་ནས་གནམ་བདེ་སྒོ་མོ་ཆེའི་བར་དུ། ང་ཚོས་ལོ་བཅུའི་བཞུད་ལམ་དང་ལོ་བརྒྱའི་འཕེལ་རིམ། ལོ་སྟོང་གི་ཕུགས་འདུན་བཅས་སེམས་ཀྱིས་མྱངས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་གཞུང་ལུགས་ཀྱི་མཛུབ་སྟོན་ཡོད་པ་ནི་ང་ཚོའི་ཏང་གིས་དད་མོས་ཡིས་ཆེས་ཇེ་བརྟན་དུ་གཏོང་བ་དང་། ལོ་རྒྱུས་ཀྱི་རང་འགུལ་བདག་ཏུ་འཛིན་པའི་རྩ་བ་ཡིན། རླབས་ཆེན་བསྐྱར་དར་གྱི་སྐྱོད་ལམ་གསར་པའི་སྟེང་དུ། ང་ཚོས་ཏང་གི་གཏམ་རྒྱུད་དང་མི་དམངས་ཀྱི་གཏམ་རྒྱུད་ལེགས་པར་བཤད་དགོས་ཟེར།
ཏང་སེམས་དང་དམངས་སེམས་གཅིག་ཏུ་འབྲེལ་ཡོད་ཅིང་། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་ནི་ཏང་འཛུགས་པ་སྤྱིའི་ཆེད་དང་སྲིད་སྐྱོང་བ་དམངས་ཀྱི་ཆེད་ཡིན་པའི་ངོ་བོའི་བླང་བྱ་ཡིན།
ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་ཤར་མཚོ་གྲོང་གསར་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཞབས་ཞུ་ལྟེ་གནས་སུ་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་མགོ་རྩོམ་པའི་ཐད་གཏོང་ལ་ལྟ་བཞིན་ཡོད་པ་དང་། མཚམས་མཚམས་སུ་ཡུལ་དངོས་ནས་ཐལ་མོ་རྡེབ་པའི་སྒྲ་ཡང་ཡང་གྲགས་འོང་། ཐལ་མོ་རྡེབ་སྒྲ་ནི་མི་དམངས་ཀྱི་སེམས་སྒྲ་རེད། ཤར་མཚོ་གྲོང་གསར་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཐའོ་ཅིག་ཏིས་ཀྱིས་བཤད་རྒྱུར། ཏང་གི་གཞི་རིམ་ལས་དོན་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། རིམ་འགོག་གི་གནད་འགག་དུས་སྐབས་དང་དུས་རྒྱུན་ནམ་ཡིན་རུང་མང་ཚོགས་ཀྱི་དོན་དག་སེམས་ལ་བཅངས་དགོས་པ་དང་། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་དོན་དག་ཐག་གཅོད་བཟང་པོ་བྱེད་ཐུབ་ཚེ། དཀའ་སྡུག་ཅི་ཙམ་མྱང་དགོས་རུང་ང་ཚོར་འགྱོད་པ་མེད་ཟེར།
ཟླ10པའི་ཚེས16ཉིན། ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཁུལ་ཏ་ལི་གྲོང་ཁྱེར་གྱི་པའེ་རིགས་སྲོལ་རྒྱུན་སྡེ་བ་ཀུའུ་ཧྲིན་སྡེ་བ་རུ་ཀྲུང་གོ་ཞིང་ལས་སློབ་ཆེན་དང་ཡུན་ནན་ཞིང་ལས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་དགེ་རྒན་དང་སློབ་མ། སྡེ་དམངས་བཅས་ཀྱིས་སྡེ་བའི་ཀྲུང་གོ་ཚན་རྩལ་ཁང་གི་ར་སྐོར་ནང་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོར་ལྟ་བཞིན་པ།
ཡུན་ནན་ཏ་ལི་གྲོང་ཁྱེར་གྱི་པའེ་རིགས་སྲོལ་རྒྱུན་སྡེ་བ་ཀུའུ་ཧྲིན་སྡེ་བའི་ཡུལ་ལྗོངས་ཧ་ཅང་མཛེས། ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། སྡེ་བའི་ཚན་རྩལ་ཁང་གི་ར་སྐོར་ནང་དུ་མཐོ་རིམ་སློབ་གྲྭ་མང་པོའི་དགེ་སློབ་དང་སྡེ་དམངས་རྣམས་མཉམ་གཅིག་ཏུ་འཛོམས་ཏེ་བརྙན་འཕྲིན་བརྒྱུད་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས།
རང་བྱུང་ཁམས་ལ་བརྩི་མཐོང་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་བཅས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ནང་གནས་བླང་བྱ་ཡིན་ཞེས་པ་ཐོས་པ་ན་ཚང་མར་སྐུལ་ལྕག་ཆེན་པོ་ཐེབས། ཀུའུ་ཧྲིན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་ཆའོ་ཁུན་གྱིས་བཤད་རྒྱུར། ཨར་ཧའེ་མཚོ་མོ་ཉིན་རེ་བཞིན་དྭངས་གཙང་དུ་འགྱུར་བ་མཐོང་དུས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་གལ་ཆེན་རང་བཞིན་ལ་སྔར་ལས་ཀྱང་རྒྱུས་ལོན་བྱེད་ཐུབ་པ་དང་། ད་ལྟ་ཨར་ཧའེ་མཚོ་མོའི་ཆུ་སྤུས་ནི་ཉེ་བའི་ལོ་བཅུའི་ནང་གི་ཆེས་བཟང་བོའི་ཆུ་ཚད་དུ་སླེབས་ཡོད། ལྗང་མདོག་འཕེལ་རྒྱས་ནི་ཆེས་ཆེ་བའི་དམངས་ཚིས་བདེ་སྐྱིད་ཡིན་ཟེར།
ཚོགས་ཆེན་ཐད་གཏོང་གི་གོ་རིམ་ཧྲིལ་བོར་བལྟས་པའི་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཞིན་མེན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་ནི་རླབས་ཆེ་ཞིང་དཀའ་ཚེགས་ཆེ་བའི་ལས་དོན་ཞིག་ཡིན་པ་དང་། མདུན་ལྗོངས་འོད་སྟོང་འབར་ཞིང་འགན་འཁྲི་ལྕི་ལ་ལམ་ཐག་རིང་། ལོ་རྒྱུས་ཀྱི་འགག་རྩ་གལ་ཆེན་རེ་རེ་དང་ཡིད་སེམས་གཡོ་བར་བྱེད་པའི་འཐབ་རྩོད་རེ་རེའི་ཁྲོད་དུ། ཏང་ཀྲུང་དབྱང་གིས་དུས་དཔག་བབ་བསྟུན་དང་བརྟན་བརླིང་གདམ་ག་བྱས་པ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་མཁྲེགས་གཏོར་དཀའ་སེལ་བྱས་པས། ང་ཚོས་ད་གཟོད་ཚོད་བགམ་ཆེན་པོ་ཐེག་ཐུབ་པར་གྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཟུང་འབྲེལ་གཉིས་རྒྱུན་འཁྱོངས་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོའི་ས་གཞི་ཆེན་མོར་གཞི་ཚུགས་པར་བྱས་པ་དང་། ཀྲུང་གོའི་དོན་དངོས་ལ་རྐང་བཙུགས་པ་དང་ཀྲུང་གོའི་རིག་གནས་བསྡུ་ལེན་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱས། དེས་ང་ཚོ་རྒྱུགས་སྤྲོད་ལམ་བུ་གསར་པའི་སྟེང་སྤོབས་པས་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་པ་དང་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས།
ད་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལས་འགན་གཙོ་བོ་ནི་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ལྡན་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ཁྲོད་བྲིས་པའི་བརྗིད་ཉམས་ཆེ་བའི་འཆར་གཞི་རེད།
ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས་རྗེས། ཀྲུང་གོའི(ཧྲིན་ཀྲིན)ཕྱོགས་བསྡུས་གསར་སྤེལ་ཞིབ་འཇུག་ཁང་གི་རྒྱུན་ལས་ཡོན་ཀྲང་གཞོན་པ་གོ་ཝན་ཏ་ཡིས་བཤད་རྒྱུར། མ་འོངས་པའི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་རྩོམ་པའི་གནད་འགག་གི་དུས་སྐབས་ཡིན་པ་དང་། ང་ཚོས་མུ་མཐུད་དུ་བཅོས་སྒྱུར་སྒོ་འབྱེད་ཅེས་པའི་བྱེད་ཐབས་གལ་ཆེན་འདི་བེད་སྤྱོད་ཡག་པོ་བྱས་ཏེ་རྒྱུན་མཐུད་ངང་གཞན་གྱི་སྔོན་ལ་སྐྱོད་ཕོད་པ་དང་དཀའ་སྤྱད་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྔོན་སྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་ཁྲོད་སྔར་ལས་ངོ་མཚར་བའི་ལེའུ་རྩོམ་དགོས་ཟེར།
དུས་རབས་ཀྱིས་ང་ཚོར་འབོད་སྐུལ་གཏོང་བཞིན་ཡོད་ལ། མི་དམངས་ཀྱིས་ང་ཚོར་རེ་སྒུག་བྱས་ཡོད། བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་ན་དུས་རབས་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་སྤྲོད་ཐུབ་ངེས།
རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་འབད་འཐབ་པའི་རྟགས་ཅན་གྱི་ཆུར་འཛུལ་གྲུ་གཟིངས་ཀྱི་སྤྱིའི་ཇུས་འགོད་པ་ཡེ་ཚུང་གིས་བཤད་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་འགན་འཁྲིར་བརྩིས་ནས་སྔར་ལས་རང་རྟོན་དང་རང་ཚུགས། རང་བརྩོན་བཅས་བྱེད་དགོས། རྒྱལ་ཁབ་འཐབ་ཇུས་ཀྱི་དགོས་མཁོ་ཁྲིད་ཕྱོགས་སུ་བྱེད་པ་དང་མུ་མཐུད་དུ་འབད་འཐབ་བྱེད་པ། སྟོབས་ཤུགས་གཅིག་བསྡུས་ཀྱིས་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་མཁྲེགས་གཏོར་བྱས་ཏེ་སྔར་ལས་མང་པོའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱེད་དགོས་ཟེར།
ཕ་སྨིར་མཐོ་སྒང་དུ་བཅའ་སྲུང་བྱས་པའི་ཞིན་ཅང་དམག་ཁུལ་མཐའ་སྲུང་མདའ་ཤོག་ག་གེ་མོའི་ཧུང་ཆི་ལཱ་ཕུའུ་མཐའ་སྲུང་བརྒྱ་ཤོག་གི་དཔོན་དམག་གིས་ཚེས་བཅུ་དྲུག་ཉིན་གྱི་ཞོགས་པར་གློག་འདོན་འཕྲུལ་འཁོར་དང་དྲ་རྒྱའི་བརྙན་འཕྲིན་བརྡ་རྟགས་ལ་ཞིབ་བཤེར་བྱས་ཏེ་དུས་ལྟར་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་ཐུབ་པར་འགན་སྲུང་བྱས་ཤིང་། ཡངས་ཤིང་ཆེ་བའི་རྒྱ་མཚོའི་སྟེང་རྩིས་སྤྲོད་རྩིས་ལེན་ཡོངས་འགྲུབ་བྱས་པའི་མཚོ་དམག་གི་མཚོ་འགྲུལ་སྲུང་སྐྱེལ་རུ་ཁག་ཞེ་གཅིག་པའི་དཔོན་དམག་གིས་འཁོར་སྐར་བརྙན་འཕྲིན་བརྒྱུད་དེ་ཚོགས་ཆེན་གྱི་གནས་ཚུལ་དངོས་ལ་བལྟས། འཕུར་མདའི་དམག་དཔུང་གི་ཚད་ལྡན་འཕུར་མདའི་སྟོང་ཤོག་ག་གེ་མོས་དཔོན་དམག་རྩ་འཛུགས་བྱས་ཏེ་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས།
མཁའ་དམག་གི་རྟེན་གཞི་ག་གེ་མོའི་དམག་དཔུང་ག་གེ་མོའི་འཕུར་སྐྱོད་པ་ཡོངས་ཀྱིས་ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་བལྟས། དམག་དཔུང་དེའི་དམིགས་བསལ་འཕུར་སྐྱོད་པ་ཆིའུ་ཐའེ་ཧྥིན་གྱིས་བཤད་རྒྱུར། རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་བཟུང་སྟེ་ང་ཚོས་ཏང་དང་མི་དམངས་ཀྱི་ཡིད་ཆེས་སྟོང་ཟད་དུ་མི་གཏོང་བར་དུས་ལྟར་དམག་འཛུགས་ལོ་བརྒྱའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་དམངས་དམག་དཔུང་མགྱོགས་མྱུར་གྱིས་འཛམ་གླིང་གི་དམག་དཔུང་རྩེ་གྲ་རུ་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་རྒྱུ་ཡིན་ཟེར།
ཟླ10པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ལས་བྱེད་མང་ཚོགས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོར་ལྟ་བཞིན་པ།
ཚོགས་ཆེན་གྱི་མགོ་རྩོམ་མཛད་སྒོར་བལྟས་ཚར་རྗེས། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་བསོད་ནམས་ཚེ་རིང་སེམས་འགུལ་ཚད་མེད་ཐེབས་ཡོད། ཁོས་བློ་མཐུན་ཞི་ཅིན་ཕིང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ང་ཚོར་མཐུན་སྒྲིལ་བྱས་ན་ད་གཟོད་ང་ཚོའི་འཚོ་བ་སྔར་ལས་ཀྱང་ཇེ་བཟང་ནས་ཇེ་བཟང་ཡིན་པའི་ངོས་འཛིན་གསལ་བོ་བྱེད་དུ་བཅུག བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་པ་དང་རིགས་སོ་སོའི་མི་དམངས་སེ་འབྲུ་ལྟར་མཐུན་སྒྲིལ་དམ་པོ་བྱས་ན་རྒྱལ་ཁབ་སྔར་ལས་སྟོབས་ལྡན་དུ་འགྱུར་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཟེར།
སྤུས་ཚད་མཐོ་བའི་སྒོ་ནས་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་ནི་ཏང་ཀྲུང་དབྱང་གིས་ཀྲེ་ཅང་ལ་སྤྲད་པའི་ལས་འགན་གལ་ཆེན་ཞིག་རེད། སྡེ་དམངས་དང་མཉམ་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས་རྗེས། གསར་བརྗེའི་གནས་རྙིང་ཁུལ་ལིས་ཧྲུའེ་གྲོང་ཁྱེར་ཅིན་ཉིང་ཧྲེ་རིགས་རང་སྐྱོང་རྫོང་ཁྲིན་ཀྲའོ་ཡུལ་ཚོ་ཅིན་ཆིའུ་སྡེ་བའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ལན་ཝུན་ཀྲུང་གིས་རང་གི་ཕྲག་སྟེང་གི་འགན་འཁྲི་སྔར་ལས་ཇེ་ལྕི་རུ་སོང་བར་འདོད། ལན་ཝུན་ཀྲུང་གིས་བཤད་རྒྱུར། ང་ཚོ་འོད་སྟོང་འབར་པའི་འགྲོ་ལམ་ཞིག་ཏུ་བསྐྱོད་ཟིན་པ་དང་། ང་ཚོ་ད་རུང་མུ་མཐུད་དུ་མདུན་དུ་བསྐྱོད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུས་ང་ཚོའི་བརྩོན་སེམས་བསྐྱེད་སོང་། མ་འོངས་པར། ང་ཚོ་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་འཛུགས་སྐྲུན་མཁན་བཟང་བོ་ཞིག་བྱེད་དགོས། ཚང་མས་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་ཚེ། བདེ་སྐྱིད་མཛེས་སྡུག་གི་འཚོ་བ་ནམ་ཡང་ང་ཚོའི་མིག་མདུན་དུ་ཡོད་ཟེར།