ཉིས་སྟོང་ཉེར་གཉིས་ལོར་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ཞེ་བརྒྱད་ལ་ཆོག་མཆན་ཐོབ།
2022.11.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་ཟླ་བཅུ་པའི་ཚེས་སོ་གཅིག་ཉིན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་རྒྱལ་ཡོངས་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་བྱ་བའི་གཞུང་སྒྲུབ་ཁང་གིས་ཉིས་སྟོང་ཉེར་གཉིས་ལོའི་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལོ་ཧྲིལ་བོའི་ལས་གཞི་མཆན་འགོད་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། བསྡོམས་པས་ལས་གཞི་སྟོང་ལྔ་བརྒྱ་དང་དོན་ལྔ་ཡོད། རང་ཞིང་གི་དཔྱད་གཞི་ཞེ་བརྒྱད་ལ་ཆོག་མཆན་བཀོད་པ་དང་། དེའི་ཁྲོད་ལས་གཞི་གཙོ་བོ་གསུམ་ཡོད་པ་དང་ལས་གཞི་དཀྱུས་མ་ཉེར་ལྔ་ཡོད་ལ། ན་གཞོན་ལས་གཞི་གསུམ་དང་ནུབ་རྒྱུད་ལས་གཞི་བཅུ་བདུན་ཡོད། ལས་གཞི་དེ་དག་ཁྲོད་མི་རིགས་རིག་པ་དང་ཆོས་ལུགས་རིག་པ། སྒྲ་རིག་པ། སྤྱི་ཚོགས་རིག་པ། མཚན་ཉིད་རིག་པ་སོགས་སློབ་ཚན་བཅུ་བཞི་འདུ།

ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་ཚན་རིག་ཞིབ་འཇུག་མི་སྣས་རིག་གཞུང་གི་མདུན་ཕྱོགས་ལ་དམིགས་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལག་ལེན་དགོས་མཁོ་ལ་རྐང་བཙུགས་ནས། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་ལ་ཡིག་ཐོག་སྙན་ཞུ་བྱས་པ་དང་རང་འགུལ་སྒོས་ཕྲག་ཏུ་བླངས་ལ། དེ་དང་མཉམ་དུ་ཞབས་ཞུའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་སྙན་ཞུ་མཆན་འགོད་དང་སྐབས་བར་མའི་དོ་དམ་ལ་ཤུགས་སྣོན་པར་སྣེ་ཁྲིད་བྱས་པས། བྱ་བ་སྣ་ཚོགས་ལ་རྒྱལ་ཡོངས་སྤྱི་ཚོགས་ཚན་རིག་བྱ་བའི་གཞུང་སྒྲུབ་ཁང་གིས་ཁས་ལེན་ཐོབ།

རིན་ཆེན་མཚོས་བསྒྱུར།