མཚོ་སྔོན་ཞིང་ཆེན་དྲ་ལམ་ནས་བརླན་སའི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབ་བཅུ་བཞི་པར་ཞུགས།
2022.11.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན། བརླན་སའི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་ཅུ་བཞི་པ་་ཧུའུ་པེ་ཝུའུ་ཧན་དང་སུའེ་ཙེར་རྒྱལ་ཁབ་ཀྱི་རི་ནེ་ཝ་ནས་དུས་མཉམ་དུ་སྤེལ། མཚོ་སྔོན་ཞིང་ཆེན་དྲ་ལམ་ནས་ཝུའུ་ཧན་ཚོགས་ར་གཙོ་བོའི་བྱ་འགུལ་ལ་ཞུགས། ཉིན་དགུ་ཡི་བྱ་འགུལ་དུས་ཡུན་ཁྲོད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། མཚོ་སྔོན་དགེ་ཐོན་སློབ་ཆེན་སོགས་ཀྱི་ཆེད་མཁས་པ་བརླན་ས་སྲུང་སྐྱོབ་ཀྱི་ཤར་ཕྱོགས་བློ་གྲོས་ཞེས་པའི་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རོགས་ཤུགས་དང་ཞིབ་བཤེར་སོགས་ཀྱི་ཡན་ལག་གླེང་སྟེགས་ལས་བརྗོད་གཞི་མཉམ་སྤྱོད་བྱེད་པ་དང་། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མཚམས་སྦྱོར་བྱས་ཏེ་མཚོ་སྔོན་གྱི་བརླན་ས་སྲུང་སྐྱོབ་གཏམ་རྒྱུད་དང་དཔེ་གཞི་མཉམ་སྤྱོད་བྱེད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་ལྔ་དང་འབུམ་གཅིག་སྟོང་གཅིག་ཉིས་བརྒྱ་ཡོད་ལ། བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་པ་དང་རྒྱལ་ཡོངས་བརླན་སའི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆའི་ཉེར་གཅིག་དང་གྲངས་ཆུང་བརྒྱད་དྲུག་ཟིན་ཡོད།   བརླན་ས་སྲུང་སྐྱོབ་བྱེད་ཚད་ཀྱིས་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་གསུམ་གཉིས་ཟིན་ལ། ནགས་ཚལ་ན་འདམ་དང་། ན་འདམ་རྩྭ་ས། གྲམ་གཞུང་། ན་འདམ་སོགས་རིགས་བཞི་དེའི་ཁོངས་སུ་གཏོགས་པས། མཚོ་སྔོན་གྱི་བརླན་ས་དེ་འཛམ་གླིང་ལ་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་སྙོམ་སྒྲིག་ཁུལ་དུ་གྱུར་ཡོད།

མཚོ་སྔོན་ཞིང་ཆེན་ལ་ད་ལྟ་མཚོ་སྔོན་པོའི་མཚེར་བ་རི་དང་། མཚོ་སྐྱ་རེངས་དང་སྔོ་རེངས་བཅས་རྒྱལ་སྤྱིའི་བརླན་ས་གཙོ་བོ་གསུམ་ཡོད་པ་དང་རྒྱ་ཁྱོན་ལ་ཧ་ལམ་སྤྱི་ཆིང་འབུམ་གཅིག་ཁྲི་བརྒྱད་དང་སྟོང་བཞི་ཡོད། བརླན་ས་རང་བཞིན་གྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་བརྒྱད་ཡོད་ལ་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་བྱེ་བ་གཉིས་ས་ཡ་གཅིག་འབུམ་གཉིས་ཁྲི་དྲུག་ཡོད། རྒྱལ་ཁབ་བརླན་སའི་སྤྱི་གླིང་བཅུ་དགུ་ཡོད་པ་དང་སྤྱི་རྒྱ་ཁྱོན་ལ་སྤྱི་ཆིངས་འབུམ་གསུམ་ཁྲི་གཉིས་དང་སྟོང་ལྔ་ཡོད། ཞིང་ཆེན་རིམ་པའི་བརླན་ས་གཙོ་བོ་སོ་གཉིས་ཡོད་པ་དང་སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ས་ཡ་གཉིས་དང་འབུམ་གཅིག་ཁྲི་ལྔ་ཡོད།

ད་ལོ་ནི་རང་རྒྱལ་བརླན་སའི་སྤྱི་ཆིངས་ནང་ཞུགས་ནས་ལོ་སུམ་ཅུ་ལོན་པའི་ལོ་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་བཀོད་པ་བརྒྱུད། བརླན་སའི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པ་དེ་ཉིས་སྟོང་ཉེར་གཉིས་ལོའི་ཟླ་བཅུ་གཅིག་པའི་ཚེས་ལྔ་ཉིན་ནས་ཚེས་བཅུ་དྲུག་ཉིན་བར་སྤེལ་རྒྱུ་གཏན་ཁེལ་བྱས་པ་དང་། ཀྲུང་གོའི་ཝུའུ་ཧན་ནས་སྐུད་ལམ་དང་ཡུལ་དངོས་ཀྱི་ཚོགས་ར་གཙོ་བོ་བཙུགས་ཡོད་ལ། སུའེ་ཙིར་རྒྱལ་ཁབ་ཀྱི་རི་ནེ་ཝ་ནས་སྐུད་ལམ་དང་ཡུལ་དངོས་ཚོགས་ར་བཙུགས་ཡོད། ཚོགས་ཆེན་དེས་བརླན་སར་གཅེས་སྐྱོང་དང་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་ཅེས་པ་བརྗོད་གཞིར་བཟུང་ནས་སྤྱི་ཆིངས་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་གྱི་གྲོས་གཞི་ལ་གྲོས་ཞིབ་བྱེད་པ་དང་། ཝུའུ་ཧན་བསྒྲགས་གཏམ་དང་། སྤྱི་ཆིངས་འཐབ་ཇུས་སྒྲོམ་གཞི་སོགས་ཚོགས་ཆེན་གྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་རམ་འདེགས་བྱེད་རྒྱུ་རེད།

                                                                                    རིག་འཛིན་སྒྲོལ་མས་བསྒྱུར།