བསྟུད་མར་ཉིན་འགའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ལས་ཁུངས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་སློབ་སྦྱོང་བྱས་ཏེ། ཏང་ཡོན་ལས་བྱེད་པས་ཡང་དང་བསྐྱར་དུ་ཞིབ་ཀློག་དང་གྲོས་སྡུར་བྱས་པའི་ཁྲོད་དུ་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ཟབ་མོ་བླངས། ཁོ་ཚོས་བཤད་རྒྱུར། སྤོབས་པ་ཆེར་སྐྱེད་སྒོས་རང་རང་གི་ལས་གནས་སུ་བྱ་བ་བཟང་བོར་སྒྲུབ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བཟང་བོ་བྱས་ཏེ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་བྱེད་པ་དང་། ཁྲི་འདུ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཐད་ལ་ལེའུ་གསར་བ་འབྲི་ངེས་ཡིན་ཟེར།
ཁྲི་འདུ་རྫོང་ཨུའི་ཧྲུའུ་ཅི་ཅིན་ཧྲིན་ཧྭ་ཡིས་བཤད་རྒྱུར། ཁྲི་འདུ་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པ་ནི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བཞག་སྟེ། ཧུར་ཐག་སྒོས་སློབ་སྦྱོང་གྲུབ་འབྲས་དེ་ཆབ་སྲིད་གྲུབ་འབྲས་དང་འཕེལ་རྒྱས་གྲུབ་འབྲས། བསམ་བློའི་གྲུབ་འབྲས་སུ་བསྒྱུར་བ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་འབད་བརྩོན་ལྷོད་མེད་དང་ཞུམ་མེད་མདུན་སྐྱོད་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཁྲི་འདུ་རྫོང་འཛུགས་སྐྲུན་གྱི་ཕྱོགས་སོ་སོའི་བརྒྱུད་རིམ་ཡོངས་སུ་དངོས་འབེབས་བྱེད་ངེས་ཟེར། ཅིན་ཧྲིན་ཧྭ་ཡིས་རང་ཉིད་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་བཤད་པར་མ་ཟད། སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱེད་པ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་དང་ཟུང་འབྲེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཀུན་ལ་ཤེས་སུ་འཇུག་རྒྱུ་ཡིན་ཞེས་བཤད།
བཀྲ་ཤིས་འབུམ་གྱིས་བསྒྱུར།