ཉེ་ལམ། མཚོ་སྔོན་ཞིང་ཆེན་མེ་འགོག་མེ་གསོད་རོགས་སྐྱོབ་སྤྱིའི་རུ་ཁག་གིས་དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་གྱི་བྱེད་ཐབས་སྤྱད་དེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི། ན་གོར་མོ་གྲོང་ཁྱེར་མེ་འགོག་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་ཡན་ཆའོ་ལྷོ་ལམ་གྱི་དམིགས་བསལ་ས་ཚིགས་ཀྱི་མགོ་གཙོའི་ལག་རོགས་པ་འབའ་ཚེ་ལོ་གདན་དྲངས་ནས་མེ་འགོག་མེ་གསོད་བཀོད་འཐབ་པ་ཡོངས་ལ་ཁོ་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱེད་དུ་བཅུག
འབའ་ཚེ་ལོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་ཚོགས་ཆེན་ལ་ཞུགས་ཐུབ་པ་དེས་ང་ལ་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྗིད་པའི་མྱོང་ཚོར་ཟབ་མོ་བྱིན་པ་དང་། ལྷག་པར་དུ་མི་དམངས་ཚོགས་ཁང་ཆེན་མོའི་ཡུལ་དངོས་སུ་སྙན་ཞུ་ལ་ཉན་ཐུབ་པ་དང་དངོས་སུ་ཐེངས་འདིའི་ཚོགས་ཆེན་ལ་ཞུགས་ཐུབ་པ་དེས་སྐུལ་མ་ཆེན་པོ་ཐེབས་ཤིང་སེམས་ཤུགས་བསྐྱེད་སོང་ཟེར། ཁོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་ལ་དམིགས་ནས་རང་ཉིད་ཀྱི་མྱོང་ཚོར་དང་ངོས་འཛིན་བཤད་པ་དང་སྙན་ཞུའི་ནང་དོན་དོན་འཁྱོལ་བྱེད་པའི་བསམ་ཚུལ་གླེང་སྟེ་བབ་ཆགས་པའི་སྐད་ཆ་རེ་རེ་དང་གསོན་ཉམས་ལྡན་པའི་དཔེ་མཚོན་རེ་རེས་མེ་འགོག་མེ་གསོད་བཀོད་འཐབ་པ་ཡོངས་ལ་ཚོགས་ཆེན་གྱི་གཟབ་རྒྱས་ཆེ་བའི་རྣམ་པ་མྱོང་རོལ་བྱེད་དུ་བཅུག
འབའ་ཚེ་ལོས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། བདེ་འཇགས་ཨང་དང་པོ་དང་སྔོན་འགོག་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཆེན་པོ་དང་འཕྲལ་བསྟུན་ཆེན་པོའི་སྒྲོམ་གཞི་འཛུགས་དགོས་ཤིང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བྱེད་སྟངས་དེ་དོན་དག་མ་བྱུང་གོང་ལ་སྔོན་འགོག་བྱེད་པར་སྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། དུས་རབས་གསར་པའི་མེ་འགོག་མེ་གསོད་ཉེན་སེལ་མི་སྣ་ཞིག་ཡིན་པའི་ཆ་ནས། ཚང་མས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་བརྟན་པོར་འཛུགས་པ་དང་། ཏང་དང་མི་དམངས་ཀྱི་ཁེ་ཕན་གཙོར་བཟུང་ནས་ནམ་ཡིན་ཡང་ཏང་དང་མི་དམངས་ལ་བློ་དཀར་བའི་སྲུང་དམག་བྱེད་དགོས་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།