རང་ཞིང་གིས་ཚོང་འགུག་དངུལ་འདྲེན་གྱི་མཆོང་བརྒལ་གསར་བར་བརྟེན་ནས་དངོས་ཕུང་དཔལ་འབྱོར་གྱི་སྒུལ་ནུས་གསར་བ་ཆེར་བསྐྱེད།
2022.11.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་བཅུ་གཅིག་པའི་ཚེས་ཉེར་དྲུག་ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱིས་གཅིག་འདོམས་དང་མཐུན་སྦྱོར་ངང་རང་ཞིང་གི་ཚོང་འགུག་དངུལ་འདྲེན་བྱ་བའི་རྐྱེན་སྲོལ་ལག་བསྟར་བྱས་པ་དང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། ཆེ་འགུག་རྒྱས་འདྲེན་བྱེད་པ་འབུར་དུ་ཐོན་པར་བྱས་པ་དང་། གནད་ཕིགས་ཚོང་འགུག་བྱས་ཏེ། ལས་གཞིའི་གྲོས་མཐུན་འགོད་པ་དང་གྲོས་བཀོད་ལས་གཞི་ལག་བསྟར་བྱེད་པ། ལག་བསྟར་ལས་གཞིའི་དངུལ་གཏོང་ཐོན་སྐྱེད་ལ་སྐུལ་འདེད་བྱས་པས། ད་ལོར། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། ཟླ་དང་པོ་ནས་ཟླ་བཅུ་པའི་བར་དུ། ཞིང་ཆེན་ཡོངས་ཀྱི་ཚོང་འགུག་དངུལ་འདྲེན་ཐད་ནས་མ་དངུལ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གཉིས་བྱེ་བ་དྲུག་ས་ཡ་དྲུག་བཏང་།

ད་ལོར། རང་ཞིང་གིས་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་གསུམ་པ་དང་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་གཉིས་པ་བསྡུས་ནས། ལས་གཞི་བརྒྱ་དང་ཞེ་ལྔར་གྲོས་མཐུན་བཀོད་པ་དང་། བསྡོམས་པས་མ་དངུལ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་འབུམ་བཞི་དུང་ཕྱུར་ལྔ་བཏང་ལ། དེ་ནུས་ཁུངས་གསར་བ་དང་རྒྱུ་ཆས་གསར་བ། ཚྭ་མཚོའི་རྫས་འགྱུར་བཟོ་ལས། མཚོན་ཆས་སྒྲིག་བཟོ་སོགས་ལས་རིགས་ཁྱབ་ཁོངས་བཅུ་དགུ་དང་འབྲེལ་བ་ཡོད། ཟླ་བཅུ་པའི་ཟླ་མཇུག་བར་དུ། ལས་གཞི་བརྒྱ་དང་ཉི་ཤུ་ལག་བསྟར་བྱས་པ་དང་། ལས་གཞི་ང་དགུ་འཛུགས་སྐྲུན་ལག་བསྟར་བྱེད་མགོ་བརྩམས་ལ། སྔོན་དུས་ཀྱི་བྱ་བ་རེ་གཅིག་སྤེལ་བ་དང་། མ་དངུལ་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་ལྔ་བཏང་ལ། ལས་གཞིའི་གྲོས་མཐུན་ལག་བསྟར་བྱེད་ཚད་བརྒྱ་ཆའི་གྱ་གཅིག་ལྷག་ལ་སླེབས་པ་དང་། འགྲེམ་ཚོགས་ཀྱི་ཕན་ནུས་རྒྱུན་མཐུད་ངང་འདོན་སྤེལ་བྱས།

མིག་སྔར། རང་ཞིང་གི་བཟོ་ལས་དཔལ་འབྱོར་ཁྲོད་མ་དངུལ་སྒོར་ཐེར་ཆེན་ལས་བརྒལ་བའི་ཁེ་ལས་བཞི་འཛུགས་སྐྲུན་བྱས་པ་དང་། ཐོན་སྐྱེད་རིན་གྲངས་སྒོར་ཐེར་ཆེན་གཉིས་ལས་བརྒལ་བའི་ཐོན་ལས་འདུ་ཚོགས་གཉིས་དང་ཐོན་རིན་སྒོར་ཐེར་ཆེན་བཞི་ལས་བརྒལ་བའི་ཐོན་ལས་འདུ་ཚོགས་གཅིག་གྲུབ་པར་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ཚོང་འགུག་དངུལ་འདྲེན་ལས་གཞི་བཞི་བརྒྱ་དང་བཅུ་བཞི་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་བསྣན།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། རང་ཞིང་གིས་མཆན་འགོད་རྒྱུད་རིམ་ལེགས་སྒྱུར་བྱེད་པ་དང་ལས་གཞིའི་རྒྱུ་རྐྱེན་གཙོ་བོར་མཐུན་སྦྱོར་བྱས་པ་དང་། གནད་དོན་དང་དཀའ་ཁག་ཐག་གཅོད་པར་དམིགས་ནས། ལས་གཞིའི་ཞབས་ཞུ་འགན་སྲུང་བཟང་བོར་བསྒྲུབས་པ་དང་། ལས་གཞི་སྔ་མོ་ནས་ལག་བསྟར་བྱེད་པ་དང་སྔ་མོ་ནས་ཐོན་སྐྱེད་བྱེད་པ། སྔ་མོ་ནས་གྲུབ་འབྲས་ལེན་པར་ཁག་ཐེག་བྱས།

རིན་ཆེན་མཚོས་བསྒྱུར།