ཉེ་སྔོན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་ཨུའི་དྲིལ་སྒྲོག་པུའུ་ནས་ཤེས་པའི་གནས་ཚུལ་ལྟར་ན། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དང་འབྲོག་དམངས་ཀྱིས་ནོར་ལུག་བཤས་ཁུངས་སུ་གཏོང་དཀའ་བའི་གནད་དོན་དངོས་སུ་ཐག་གཅོད་ཆེད། འབྲི་སྟོད་རྫོང་གིས་རིམས་ནད་འགོག་སྡོམ་བྱ་བ་ཕྱོགས་ཡོངས་ནས་བཟང་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ། ཉེ་འབྲེལ་གྱི་རྫ་སྟོད་རྫོང་གི་ཁྲོམ་རར་ཧུར་ཐག་གིས་སྦྲེལ་མཐུད་བྱས་ཤིང་། ཚན་རིག་གིས་བཀོད་འདོམས་དང་ཉོ་ཚོང་ལ་འགན་ལེན། འཁོར་རྒྱུག་ལ་འགན་ལེན་བཅས་བྱས་ཏེ། མང་ཚོགས་ལ་ཕྱུགས་ལས་ཐོན་རྫས་ཉོ་ཚོང་གི་དཀའ་གནད་སེལ་རོགས་བྱས་ནས། རིམས་ནད་འགོག་སྡོམ་དང་ནོར་ལུག་བཤས་ཁུངས་སུ་གཏོང་བ་གཉི་ག་དམ་འཛིན་དང་གཉི་གར་ནོར་འཛོལ་མེད་པར་བྱས།
རིམས་ནད་ཀྱི་སྐབས་སུ་ནོར་ལུག་བཤས་ཁུངས་སུ་གཏོང་དཀའ་བའི་གནད་དོན་ལ་དམིགས་ནས། རྫོང་རིམ་པའི་མཉམ་ལས་ཁང་གིས་ཐོན་ཁུངས་ལ་གཅིག་འདོམས་དང་། ཉོ་ཚོང་ལ་གཅིག་འདོམས་བྱེད་པའི་འགན་ནུས་བཏོན་ནས། ཕྱོགས་གཅིག་ནས་རྫ་སྟོད་རྫོང་སྲིད་གཞུང་ལ་སྦྲེལ་མཐུད་བྱས་ཏེ་ཁྲོམ་རའི་དགོས་མཁོར་རྒྱུས་ལོན་བྱས་ཤིང་། ཕྱུགས་ཟོག་བཤས་ཁུངས་སུ་གཏོང་བའི་གྲངས་ཀ་གཏན་ཁེལ་བྱས། ཕྱོགས་གཅིག་ནས་མཉམ་ལས་ཁང་དང་ཁྱིམ་ཚང་གི་ཕྱུགས་རར་བཤས་ཁུངས་སུ་གཏོང་བའི་འགན་བགོས་པར་མ་ཟད། རྫོང་རིམ་པའི་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ཉོས་ཏེ་གཅིག་བསྡུས་སྒོས་རྫ་སྟོད་རྫོང་གི་ཁྲོམ་རར་བཙོང་། དེ་དང་མཉམ་དུ་རྫ་སྟོད་རྫོང་གིས་ཞབས་ཞུ་ལེགས་སྒྱུར་བྱས་ཏེ། སྒོར་ས་ཡ་གཉིས་བྱིན་ནས་སྲིད་གཞུང་གི་རིན་གསབ་བྱེད་ཐབས་ཀྱིས་སྐྱེལ་འདྲེན་གྱི་གླ་ཁ་གསབ་བྱས་པ་དང་། ཕྱུགས་ལས་ཐོན་རྫས་ས་ཆ་གཉིས་ནས་རིན་མཚུངས་སྒོས་བཙོང་ནས། ཕྱུགས་ལས་ཐོན་རྫས་བརྟན་འཇགས་སྒོས་ཕྱིར་བཙོང་བར་དངོས་སུ་ཁག་ཐེག་བྱས། མིག་སྔར་སྐོར་དང་པོའི་སྐམ་ཤ་དང་ལུག་ཤ་ཏུན་བཅུ་ཐམ་པ་རྫ་སྟོད་རྫོང་དུ་དྲུད་ཡོད་ལ། འཆར་གཞི་ལྟར་ན་ཏུན་ལྔ་བཅུ་ཡས་མས་བཙོང་རྒྱུ་རེད།
དེ་ལས་གཞན་འབྲི་སྟོད་རྫོང་དང་རྫ་སྟོད་རྫོང་གི་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་དང་རྫོང་འགྲིམ་འགྲུལ་དང་སྤྱི་བདེ། ཞིང་ཕྱུགས་སོགས་སྡེ་ཁག་གིས་སྦྲེལ་མཐུད་དམ་པོ་བྱས་པ་དང་། ཚན་རིག་འདྲུད་སྐྱེལ་གྱི་རྐྱེན་སྲོལ་བཙུགས་ཤིང་། ཕྱུགས་ཟོག་འདྲུད་པའི་རླངས་འཁོར་ལ་ལམ་ཡིག་གི་འགྲོ་ལུགས་མཉམ་དུ་བསྒྲུབས་པ་དང་། གཏན་ཁེལ་བཞིའི་བྱེ་བྲག་གི་བྱེད་ཐབས་བཏོན་པ་སྟེ། སྐྱེལ་འདྲེན་མི་སྣ་གཏན་ཁེལ་དང་ཕྱིར་འཚོང་བྱེད་ཡུལ་གཏན་ཁེལ། འགྲོ་འོང་ལམ་ཐིག་གཏན་ཁེལ། སྐྱེལ་འདྲེན་རླངས་འཁོར་གཏན་ཁེལ་བཅས་བྱས་པར་མ་ཟད། གནས་དང་གནས་བར་དུ་གདུབ་ཟུམ་ཉོ་ཚོང་ལག་བསྟར་བྱས་ཏེ། ས་གནས་གཉིས་ཀྱི་རིམས་འགོག་གནས་བབ་བརྟན་འཇགས་བདེ་འཇགས་ཡོང་བར་ཁག་ཐེག་བྱས། རྫོང་གཉིས་ཀྱིས་མཉམ་ལས་ལེགས་པོ་བྱས་པ་བརྒྱུད་ནས། ཁྲོམ་རའི་མཁོ་སྤྲོད་ལ་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་ཐུབ་པ་བྱུང་བ་དང་། ཐོན་ཁུངས་ཀྱི་ཁྱད་སྟོབས་མཉམ་སྤྱོད་གསབ་རེས་བྱས་ལ། འབྲོག་དམངས་ལ་ཕྱོགས་ཡོངས་ནས་ཁེ་ཕན་ཐོབ།