གུང་ཧོ་རྫོང་གིས་ཕྱུགས་ཟོག་བདེ་འཇགས་ངང་དགུན་སྐྱེལ་བར་སྟོབས་ཤུགས་ཡོད་རྒུས་འགན་ལེན་བྱས།
2022.11.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

ཉེ་སྔོན། གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཞིང་ཕྱུགས་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་རྒྱུན་སྲིང་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བ་དང་། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་བརྟན་འཇགས་ཡིན་ལ་གོ་རིམ་ལྡན་པར་ཁག་ཐེག་བྱེད་ཆེད། གུང་ཧོ་རྫོང་གིས་སྔོན་འགོག་གཙོར་འཛིན་པ་དང་གྲ་སྒྲིག་གང་ལེགས་བྱེད་པའི་གནོད་འགོག་ཕྱུགས་སྐྱོང་གི་འདུ་ཤེས་བརྟན་པོར་བཙུགས་ནས། གཟན་རྩྭ་མྱུར་དུ་སྡུད་གསོག་བྱེད་པ་དང་། ཕྱུགས་ཟོག་མྱུར་དུ་བཤས་ཁོངས་སུ་གཏོང་བ། ཚུལ་སྒྱུར་རིམ་སྤོར་མྱུར་དུ་བྱེད་པ། ཉེན་བརྡ་སྔོན་བརྡ་རྒྱག་པར་ཤུགས་སྣོན་པ། ཉེན་ཁའི་གྲལ་བཤེར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། ཕྱུགས་ཟོག་བདེ་འཇགས་ངང་དགུན་སྐྱེལ་བར་སྟོབས་ཤུགས་ཡོད་རྒུས་འགན་ལེན་བྱས།

གུང་ཧོ་རྫོང་གིས་རོང་འབྲོག་མང་ཚོགས་ཀྱིས་གཟན་རྩྭ་འབྲེག་པའི་དུས་ཚོད་དམ་འཛིན་བྱས་ཏེ། མང་ཚོགས་ཀྱིས་གཟན་རྩྭ་ཤོག་རྒྱག་པ་དང་། སོག་མ་ཕྱོགས་བསྡུས་ཀྱིས་བེད་སྤྱོད་པ། རྩྭ་སའི་མེ་འགོག་སོགས་འབྲེལ་ཡོད་བྱ་བ་བཟང་པོར་སྒྲུབ་པའི་སྐུལ་མ་བཏང་བ་དང་། ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀར་ཁ་བ་ཆེན་པོ་དང་གྲང་ངར་ཆེན་པོ་སོགས་ནམ་ཟླ་ངན་པ་བྱུང་ཚེ་ཕྱུགས་ཟོག་ལ་གཟན་རྩྭས་མི་འདང་བའི་གནད་དོན་འབྱུང་སྲིད་པར་ཁ་གཏད་ལེགས་པོ་འཇལ་ཆེད། ཕྱུགས་ལས་ཀྱི་གནོད་འགོག་གནོད་སེལ་ནུས་པ་མཐོར་འདེགས་སུ་གཏོང་ཅི་ཐུབ་དང་། ཕྱུགས་འཚོ་བའི་ཁྱིམ་ཚང་གི་དཔལ་འབྱོར་གྱོང་གུད་ཇེ་ཆུང་དུ་གཏོང་ཅི་ཐུབ་བྱས། ད་ལྟ་གཟན་རྩྭ་ཏུན་འབུམ་གཅིག་དང་སྟོང་དྲུག་གྲ་སྒྲིག་བྱས་ཡོད་པ་དང་། གཟན་ཆས་ཏུན་ཁྲི་བཞི་དང་སྟོང་ལྔ་བརྒྱ་ཐམ་པ་སྐྱེལ་ནས་ཐོན་ཡོད། ཞིང་ཕྱུགས་ལས་ཀྱི་ཉེན་ཚབ་བྱ་བར་ཤུགས་སྣོན་ཆེད། རྫོང་དེས་མ་དངུལ་སྒོར་བྱེ་བ་བཞི་དང་ས་ཡ་གསུམ་འབུམ་གསུམ་ཁྲི་དྲུག་སྟོང་གཅིག་ཉིས་བརྒྱ་བཏང་ནས་ཞིང་ཕྱུགས་ལས་ཀྱི་ཉེན་ཚབ་ཉོས་པ་དང་། རྫོང་ཡོངས་ཀྱི་བོད་ལུག་དང་ནོར་ནག་ཉེན་ཚབ་ལ་ཞུགས་ཚད་བརྒྱ་ཆའི་བརྒྱད་ཅུར་སླེབས་ནས། རྫོང་ཡོངས་ཀྱི་འབྲོག་དམངས་ཀྱི་དགུན་ཁའི་གནོད་འཚེར་ཁ་གཏད་འཇལ་བའི་ནུས་པ་དངོས་སུ་ཇེ་ཆེར་བཏང་།

མོ་ཕྱུགས་ཀྱི་བསྡུར་ཚད་ཇེ་མཐོར་གཏོང་བ་དང་བཤས་ཁུངས་སུ་གཏོང་ཡུན་ཇེ་མགྱོགས་སུ་གཏོང་བ། རྩྭ་སར་བརྟེན་ནས་ཕྱུགས་གྲངས་གཏན་ཁེལ་བྱེད་པ་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ལག་ཡོད་ཕྱུགས་གྲངས་ཚད་ཆེས་མཐོན་པོས་ཇེ་ཉུང་དུ་བཏང་ནས། དགུན་ས་དང་གཟན་རྩྭ་གཟན་ཆས་གསོག་འཇོག་གི་གནོན་ཤུགས་ཇེ་ཆུང་དུ་བཏང་སྟེ། ཕྱུགས་ཟོག་གསོག་འཇོག་དེ་མ་དངུལ་གསོག་འཇོག་ཏུ་བསྒྱུར། རྫོང་ཡོངས་ཀྱི་ཕྱུགས་ཟོག་བཤས་ཁུངས་སུ་གཏོང་བའི་སྦྲེལ་མཐུད་ཚོགས་འདུ་བསྡུས་ཏེ། རིམས་ནད་འགོག་སྡོམ་སྐབས་ཀྱི་ནོར་ལུག་ཉོ་ཚོང་གི་ལམ་གེགས་མེད་ཡོང་བར་བྱས་ནས། ཕྱུགས་ལས་ཀྱི་ཕན་འབྲས་འཕར་བ་དང་འབྲོག་དམངས་ཀྱི་ཡོང་སྒོ་འཕར་བར་ཁག་ཐེག་བྱས།

ཕྱུགས་ཟོག་གིས་དགུན་དཔྱིད་སྐྱེལ་བའི་དུས་སྐབས་གལ་ཆེན་ལ་དམ་དུ་དམིགས་ཏེ། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་དོ་དམ་ལ་ཤུགས་བསྣན་པ་དང་། ཕྱུགས་སྨན་དང་གཟན་ཆས་སོགས་ཐོན་སྐྱེད་ཐད་མཁོ་བའི་དངོས་རྫས་དང་ཞིང་ཕྱུགས་ཐོན་རྫས་ལ་འཐེན་བཤེར་བྱེད་ཤུགས་ཇེ་ཆེར་བཏང་ལ། བཤས་རའི་རིམས་བཤེར་དང་ཐོན་གནས་རིམས་བཤེར་བྱ་བར་ཤུགས་བསྣན།